འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྨ་ལྷོ་རུ་རྟ་རྒྱུག་ནི་ས་གནས་འབྲོག་པའི་ལུས་སྦྱོང་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་34ལ་སོན་པའི་སྟོབས་རྒྱལ་ཚེ་རིང་གིས་གཅེས་པའི་རྟ་ལ་བཞོན་ནས་གཡུ་ཡི་དར་གོས་བཀྲམས་འདྲའི་དོར་ཉིན་རྩྭ་ཐང་དུ་གང་འདོད་དུ་བརྒྱུགས་ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཉ་ལུང་ཤང་དུ་རྟ་རྒྱུག་བྱེད་སྒོ་སྤེལ་བ་དང་། སྟོབས་རྒྱལ་ཚེ་རིང་གི་ནང་མི་རྣམས་ཁོ་པར་ངར་སློང་བར་སླེབས་ཡོད་པ་རེད།
        སྟོབས་རྒྱལ་ཚེ་རིང་རྨ་ལྷོ་ཀྲོའུ་ཐུན་རིན་རྫོང་གདོང་ལམ་ཤང་སྙིང་ལོ་གྲོང་ཚོའི་རུ་ཁག་དང་པོ་ནས་ཡིན་པ་དང་། ལོ་12ནས་རྟ་བཞོན་འགོ་ཚུགས། སྟོབས་རྒྱལ་ཚེ་རིང་གིས“དེང་རབས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཁྱབ་གདལ་འགྲོ་བ་དང་བསྟུན་ནས་ན་གཞོན་ཚོས་རྟ་ལ་སྣང་དེ་ཙམ་སྟོང་མི་སྲིད། འོན་ཀྱང་། རྟ་བཞོན་རྒྱུ་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་ལུས་སྦྱོང་རྣམ་གྲངས་ཤིག་རེད། ངས་བལྟས་ན། རྟ་རྒྱུག་ཐོག་ནས་བོད་རིགས་མང་ཚོགས་ཀྱི་དཔའ་ངར་དང་བློ་གྲོས་མངོན་བཞིན་ཡོད”ཅེས་ཤོད་ཀྱི་འདུག
         ཟླ་བ་བརྒྱད་པའི་ཟླ་འགོར། དོར་ཉིན་རྩྭ་ཐང་དེ་པིར་གྱིས་བྲིས་པ་ལྟར་མཛེས་སྡུག་ཡིད་དུ་འོངས་ཤིང་། གསར་འགོད་པས་ས་ཆ་དངོས་ནས་མཐོང་བར། རྟ་པ་མང་པོའི་འགྲན་ཞུགས་རྟ་ཕོར་ཁ་བཏགས་བསྒྲོན་ཡོད་པ་དང་། སྟོབས་རྒྱལ་ཚེ་རིང་གིས། དེ་ཚོ་ཚང་མ་ས་གནས་དེ་གའི་བླ་མའི་དྲུང་ནས་ཞུས་པ་ཤ་སྟག་རེད། དེ་ཚོར་འགྲན་བསྡུར་བདེ་བླག་ཡོང་བ་དང་རྟ་པ་ཚོར་གྲུབ་འབྲས་བཟང་པོ་ཐོབ་པའི་བསྔོ་སྨོན་བཏབ་གནང་ཡོད་ཅེས་ཟེར།
         རྨ་ལྷོ་ཀྲོའུ་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་ལི་ཀང་གིས་ངོ་སྤྲོད་བྱས་དོན། ས་གནས་དེའི་རྟ་རྒྱུག་ནི་ལུས་སྦྱོང་རྣམ་གྲངས་ཤིག་རེད་ལ། ས་གནས་ཀྱི་བོད་རིགས་དམངས་ཁྲོད་རིག་གནས་ཀྱང་མཚོན་གྱི་ཡོད། 2014ལོར“རེབ་གོང་རྟ་རྩལ”མཚོ་སྔོན་ཞིང་ཆེན་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་གཞུང་ནང་བཅུག་པ་རེད།
         ལོ་41ལ་སོན་པའི་ཤ་བོ་བཀྲ་ཤིས་ནི་སྟོབས་རྒྱལ་ཚེ་རིང་གི་རོགས་ཟླ་ཡིན་པ་དང་། ཁོང་གིས་གསར་འགོད་པར། རྟ་རྒྱུག་ནི་ས་གནས་དེའི་མི་སེར་གྱིས་སྤེལ་འདོད་པའི་ལུས་རྩལ་ཡིན་ཞིང་། ལོ་རེའི་རྟ་རྒྱུག་དུས་ཆེན་ནི་ས་གནས་འདིའི་མང་ཚོགས་ཀྱི་དུས་སྟོན་བྱེད་སྒོ་ཞིག་ཏུ་གྱུར་ཡོད་ཅེས་ཟེར།
         ཤ་བོ་བཀྲ་ཤིས་ཀྱིས“ད་ཆའི་རྟ་རྒྱུག་འགྲན་ཚོགས་ནི་ས་གནས་འདི་གའི་མང་ཚོགས་ཚོའི་ལོ་གཅིག་དུས་གཅིག་རིང་གི་དགའ་སྤྲོ་འཁོལ་ཤོས་དང་སྐྱིད་སྣང་དོད་ཤོས་ཀྱི་དུས་ཆེན་ཞིག་རེད། ངས་ཀྱང་སྲོལ་རྒྱུན་གྱི་རྟ་བཞོན་པའི་རྩལ་ནུས་དག་ཕྲུ་གུ་ཚོར་བསླབས་ནས། ཁོ་ཚོར་བོད་རིགས་ཀྱི་ལོ་རྒྱུས་བློ་ལ་ངེས་སུ་འཇུག་གི་ཡིན”ཞེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།