འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཀྲུང་གོའི་ཚད་རྡུལ་སྲུང་སྐར་གྱིས་རྒྱལ་སྤྱིའི་མཉམ་
    ལས་ལ་སྣེ་ཁྲིད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན་ཀྲུང་གོས་གོ་ལ་ཧྲིལ་པོའི་ཚད་རྡུལ་ཚན་རིག་ཚོད་ལྟའི་སྲུང་སྐར་ཐོག་མ་དེ་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་རྗེས་ཕྱི་རྒྱལ་གྱི་ཚན་རིག་མཁས་ཅན་མང་པོས་རྣམ་གྲངས་དེའི་ནང་ཨོ་སི་ཁྲུ་རི་ཡའི་ཚན་རིག་མཁས་ཅན་ཞུགས་བཅུག་པར་བསྔགས་བརྗོད་བྱས་པ་དང་ཆབས་ཅིག་རྒྱལ་སྤྱིའི་མཉམ་ལས་ལ་སྔར་བས་སྣེ་ཁྲིད་བྱ་རྒྱུའི་རེ་བའང་ཡོད་ཅེས་བཤད་པ་རེད།
         “ཚན་རིག་ལ་རྒྱལ་མཚམས་མེད། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་ཚན་རིག་མཁས་ཅན་གྱིས་མཉམ་ལས་བྱས་པའི་ཚད་རྡུལ་སྲུང་སྐར་གྱི་རྣམ་གྲངས་དེ་ནི་མི་རྣམས་དགའ་སྤྲོ་སྐྱེ་འོས་པའི་དཔང་རྟགས་ཤིག་ཡིན”ཞེས་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་ཚད་རྡུལ་དངོས་ཁམས་རིག་པའི་དགེ་རྒན་ཆེ་མོ་བ་ཨ་ཏེ་ལི་ཨན་·ཁེན་ཐེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་བྱུང་།
         ཨ་རིའི་ཅ་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཚད་རྡུལ་དངོས་ཁམས་རིག་པའི་རིགས་གཅིག་མཁས་ཅན་སི་ཕི་ལི་ཏུང་·སྨི་ཧ་ལ་ཅི་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ད་ཐེངས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་དབར་གྱི་མཉམ་ལས་དེ་ནི་དཔེ་མཚོན་བཟང་པོ་ཞིག་ཡིན་པ་དེ་ཐོག་ནས་རྒྱལ་ཁབ་དབར་གྱི་མཉམ་ལས་ལས་བྱུང་བའི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་གྲུབ་འབྲས་ཤིག་ཡིན་པ་གསལ་བཤད་ཐུབ་ཡོད། “རྒྱལ་ཁབ་སྔར་བས་མང་བ་འབྲེལ་ཡོད་ཞིབ་འཇུག་ནང་ཞུགས་ནས་ཚད་རྡུལ་ལག་རྩལ་དེ་བས་ཡོངས་ཁྱབ་ཀྱི་འཛམ་གླིང་ཞིག་གཏོད་ཐུབ་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།
         དབྱིན་ཇིའི་སི་ཐེ་ལ་སི་ཁེ་ལའེ་ཏེ་སློབ་ཆེན་གྱིས་སིང་ཀ་ཕོར་རྒྱལ་བཙུགས་སློབ་ཆེན་དང་མཉམ་ལས་བྱས་ནས་སྲུང་སྐར་ཆུང་གྲས་ཐད་ཚད་རྡུལ་ཚོད་ལྟ་བྱ་རྒྱུའི་རྣམ་གྲངས་ལ་སྐུལ་མ་གཏོང་བཞིན་ཡོད། རྣམ་གྲངས་དེའི་ཞིབ་འཇུག་ནང་ཞུགས་མཁན་ཞིབ་འཇུག་པ་ཧུའུ་ཁུན་ལིས་ཀྲུང་གོའི་ཚད་རྡུལ་སྲུང་སྐར་ལ་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་ཚད་རྡུལ་འཕྲིན་གཏོང་སྲུང་སྐར་གྱི་བྱེད་འཐུས་རང་བཞིན་མངོན་པ་མ་ཟད། དེས་འབྲེལ་ཡོད་ལག་རྩལ་གསར་སྤེལ་ལས་བྱུང་བའི་ཉེན་ཁ་ཆུང་དུ་འགྲོ་རྒྱུ་མ་ཟད། ཉེན་ཁ་དེ་དག་གིས་ལག་ཏུ་མ་རྩ་ཡོད་པའི་སྒྲིག་གཞི་མང་པོས་རྩེར་སོན་ལག་རྩལ་ཐད་ཉེན་མཐོང་ཕྱིར་བཤོལ་བྱ་རྒྱུ་ལས་མ་འདས། “ངས་ཀྲུང་གོའི་སྲུང་སྐར་འཕེན་གཏོང་ལ་གྲུབ་འབྲས་ཐོབ་པ་དེས་མི་སྔར་ལས་མང་བས་བར་མཐོངས་ཀྱི་ཚད་རྡུལ་ལག་རྩལ་ལ་དོ་ཁུར་བྱ་རྒྱུའི་ཡིད་དབང་བཀུག་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
         ཀྲུང་གོའི་ཚད་རྡུལ་སྲུང་སྐར་རྣམ་གྲངས་ནང་ཞུགས་མཁན་ཨོ་སི་ཁྲུ་རི་ཡའི་གྲགས་ཅན་ཚད་རྡུལ་ཚན་རིག་མཁས་ཅན་ཨན་ཏུང་·ཚའེ་ལིང་ཀེས་དབྱིན་ཇིའི་《རང་བྱུང་》དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་སྲུང་སྐར་གྱིས་གོ་ལ་ཧྲིལ་པོའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་རྒྱུ་རེད། གང་ལགས་ཤེ་ན་ཀྲུང་གོའི་ཚོགས་པར་གྲུབ་འབྲས་ཐོབ་ན་ཚོགས་པ་གཞན་ལ་དེ་བས་ཚད་རྡུལ་སྲུང་སྐར་ཐད་རོགས་དངུལ་ཐོབ་སླ་པོ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།