འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་གྱོད་གཞི་ཞིབ་གཅོད་ལ་ཐེ་ཇུས་དང་
    འགོག་རྐྱེན་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་《སྲིད་འཛིན་གཏུག་བཤེར་ཞུ་ལན་གྱི་གནད་དོན་འགའ་ཞིག་སྐོར་གྱི་བརྡ་ཐོ་》བཀྲམས་པ་དང་། བརྡ་ཐོའི་ནང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་བདག་སྤྲོད་དང་ཞིབ་གཅོད་བྱས་པའི་སྲིད་འཛིན་གྱོད་གཞིར་ཐེ་ཇུས་དང་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་མཐའ་གཅིག་ཏུ་གཏན་འགོག་བྱ་རྒྱུ་དང་། འགོ་ཁྲིད་ལས་བྱེད་པའམ་ཡང་ན་སྲིད་འཛིན་ལས་ཁུངས་ཀྱིས་མཐུན་སྦྱོར་ཚོགས་འདུ་འཚོགས་པ་དང་ཡིག་ཆ་བཀྲམས་པའམ་ཡང་ན་ངག་ཐོག་ནས་རེ་བ་བཏོན་པ་སོགས་བྱེད་ཐབས་གང་རུང་ནས་མི་དམངས་ཁྲིམས་ཁང་ལ་མངོན་གསལ་གྱིས་བརྡ་གཏོང་བའམ་ཡང་ན་གསང་བརྡ་བཏང་ནས་གྱོད་གཞི་བདག་སྤྲོད་བྱེད་དུ་མི་འཇུག་པ། ཞུ་གཏུག་ཕམ་པའི་སྲིད་འཛིན་ལས་ཁུངས་ལ་ཁྲིམས་ཐག་གཅོད་མི་འཇུག་པ། མི་དམངས་ཁྲིམས་ཁང་གི་གོ་ཆོད་ཁྲིམས་གཅོད་ལག་བསྟར་མི་བྱེད་པ་བཅས་ལ་《འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱེད་སྒོར་ཐེ་ཇུས་བྱེད་པ་དང་། ཞིབ་ཕྲའི་གྱོད་གཞི་ཐག་གཅོད་ལ་ཐེ་ཇུས་བྱས་པའི་ཟིན་ཐོ། བརྡ་ཁྱབ་དང་འགན་འཁྲི་བདའ་འདེད་ཀྱི་གཏན་འབེབས་》དང་《ཁྲིམས་འཛིན་ལས་ཁུངས་ཀྱི་མི་སྣས་གྱོད་གཞིའི་ཐོ་བཀོད་དྲི་བ་དང་འགན་འཁྲི་བདའ་འདེད་ཀྱི་གཏན་འབེབས་》ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་ཕྱོགས་ཡོངས་དང་ཏན་ཏིག་གི་སྒོ་ནས་ཐོ་འགོད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་བརྒྱུད་རིམ་ཧྲིལ་པོ་མཐོང་ཐུབ་པ་བྱས་ནས་ཁུངས་ལུང་འདྲེན་རྒྱུ་ཡོད་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         《བརྡ་ཐོའི་》ནང་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་དང་《མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་བྱེད་པའི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས་》ལག་བསྟར་ནན་པོ་བྱས་ཏེ་སྲིད་འཛིན་གཏུག་བཤེར་ཁྲོད་ཀྱི་གཏུག་བཤེར་དབང་ཆར་སྲུང་སྐྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་ངང་གྱོད་གཞི་བདག་སྤྲོད་ཀྱི་ཁྱབ་རྒྱ་ཆུང་དུ་གཏོང་མི་ཆོག་ལ། ཁྲིམས་འགལ་ངང་ཞུ་གཏུག་ཆ་རྐྱེན་མང་དུ་གཏོང་མི་ཆོག་པ་དང་། གཏུག་བཤེར་བྱེད་མཁན་ལ་གཏུག་བཤེར་དཔྱད་ཡིག་གསབ་རྒྱུའི་བླང་བྱ་ཡང་ཡང་འདོན་པའི་བྱེད་ཐབས་སྤྱད་དེ་རྣམ་པ་འགྱུར་ནས་དུས་ཚོད་ནར་འགྱངས་བྱེད་པ་དང་གྱོད་དོན་ཐོ་འགོད་མི་བྱེད་པའི་སྣང་ཚུལ་གཏན་འགོག་བྱེད་དགོས་པ་དང་། ཁྲིམས་གཏུག་ཞུ་ཡིག་དང་ལེན་མི་བྱེད་པ་དང་ཁྲིམས་གཏུག་ཞུ་ཡིག་དང་ལེན་བྱས་རྗེས་ཡིག་ཐོག་དཔང་རྟགས་མི་འདོན་པ་དང་། དེ་བཞིན་དོ་བདག་ལ་ཁ་གསབ་བྱེད་དགོས་པའི་ཁྲིམས་གཏུག་ཞུ་ཡིག་གི་ནང་དོན་གསལ་པོ་མི་ཤོད་མཁན་བཅས་ལ་《མི་དམངས་ཁྲིམས་ཁང་འདྲི་གཅོད་པའི་ཁྲིམས་འགལ་འདྲི་གཅོད་འགན་འཁྲི་བདའ་འདེད་བྱ་ཐབས་(ཚོད་ལྟའི་ལག་སྟར་བྱ་ཐབས་)》དང་《མི་དམངས་ཁྲིམས་ཁང་གི་ལས་དོན་མི་སྣའི་ཆད་གཅོད་སྲོལ་ཡིག་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐད་ཀའི་འགན་འཁྲི་ཡོད་པའི་གཙོ་གཉེར་དོ་དམ་མི་སྣ་དང་དེ་མིན་གྱི་ཐད་ཀའི་འགན་འཁྲིའི་མི་སྣར་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         《བརྡ་ཐོའི་》ནང་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་མི་སྣ་ཁྲིམས་རར་ཞུགས་ནས་ཞུ་ལན་གྱི་ལས་དོན་སྤེལ་རྒྱུ་དེ་ནི་བཟོ་བཅོས་བརྒྱབ་རྗེས་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། སྲིད་འཛིན་གཏུག་བཤེར་ཞུ་ལན་ཚད་ལྡན་དུ་གཏོང་རྒྱུ་དེ་ནི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ནུས་ལྡན་ངང་ལག་ལེན་བསྟར་རྒྱུ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་རྒྱུ། ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་བསྐྲུན་རྒྱུ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན། གཅིག་ནི་ཁྲིམས་རར་ཞུགས་པ་དང་ཞུ་ལན་བྱེད་མཁན་གྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་མི་སྣའི་ཁྲོད་གོ་གནས་རྒན་པའི་འགན་འཁུར་བ་དང་གོ་གནས་གཞོན་པའི་འགན་འཁུར་བ་དང་དེ་བཞིན་ལས་བགོས་དོ་དམ་ནང་ཞུགས་མཁན་དེ་མིན་གྱི་འགན་ཁུར་བ་ཡོད་དགོས་པ་དང་། གཉིས་ནི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་མི་ཐུབ་ཚེ་སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་མི་སྣ་གཞན་ཁྲིམས་རར་ཞུགས་རྒྱུའི་མངགས་བཅོལ་བྱེད་ཆོག་པ་ལས་ཁྲིམས་རྩོད་པ་ཁྲིམས་རར་ཞུགས་རྒྱུའི་མངགས་བཅོལ་བྱེད་མི་ཆོག་པ། གསུམ་ནི་སྤྱི་པའི་ཁེ་ཕན་དང་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའམ་ཡང་ན་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐོན་བཟོ་ཡོད་པ་སོགས་ཀྱི་གྱོད་གཞི་དང་དེ་བཞིན་མི་དམངས་ཁྲིམས་ཁང་གིས་ཡིག་ཐོག་ནས་གྲོས་འགོ་བཏོན་པའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་རྒྱུའི་གྱོད་གཞི་ཡིན་ཕྱིན། ཞུ་གཏུག་བྱ་ཡུལ་གྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་མི་སྣ་ངེས་པར་དུ་ཁྲིམས་རར་ཞུགས་དགོས་པ། བཞི་ནི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པའི་ནང་གསེས་གསུམ་པའི་ནང་གཏན་འབེབས་བྱས་པའི“སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་མི་སྣ”ཞེས་པའི་ནང་སྲིད་འཛིན་ལས་ཁུངས་ནང་གི་རྒྱལ་ཁབ་སྲིད་འཛིན་སྒྲིག་ཁོངས་ནང་ཚུད་པའི་ལས་དོན་མི་སྣ་དང་དེ་བཞིན་ཁྲིམས་ལྟར་གཞུང་འགན་སྒྲུབ་མཁན་གྱི་ལས་དོན་མི་སྣ་གཞན་དག་ཚུད་པ་བཅས་བཏོན་ཡོད།
         《བརྡ་ཐོའི་》ནང་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་དང་སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲིམས་རར་མི་ཞུགས་པར་ཁྲིམས་རྩོད་པར་ཁྲིམས་རར་ཞུགས་རྒྱུའི་མངགས་བཅོལ་བྱེད་མཁན་དང་མི་དམངས་ཁྲིམས་ཁང་གི་ཡིག་ཐོག་ནས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་བྱེད་དགོས་པའི་གྲོས་འགོ་བཏོན་ཡང་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་མི་སྣ་ཁྲིམས་རར་མི་ཞུགས་མཁན་ལ་མི་དམངས་ཁྲིམས་ཁང་གིས་ཐོ་འགོད་བྱེད་པ་དང་འབྲེལ་ཁྲིམས་གཅོད་ཡིག་ཆའི་ནང་ཁ་གསལ་བཀོད་དེ་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་རེ་དྲུག་གི་ནང་གསེས་གཉིས་པའི་གཏན་འབེབས་ལྟར་ཡོངས་བསྒྲགས་བྱེད་ཆོག་པ་དང་། བསྐོ་འཐེན་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས་སམ་ཡང་ན་རིམ་པ་གོང་མའི་སྲིད་འཛིན་ལས་ཁུངས་བཅས་ཀྱིས་འབྲེལ་ཡོད་འགན་འཁུར་བར་ཐག་གཅོད་ནན་པོ་བྱ་རྒྱུའི་གྲོས་འགོ་བཏོན་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།