འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་བོད་ཡིག་ཚིག་མཛོད་དང་པོ་དཔེ་སྐྲུན་
    འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 08:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    《དེང་རབས་བོད་སྐད་ཚིག་མཛོད་》དང་གཙོ་སྒྲིག་པ་རྡོ་སྦིས་ཚེ་རིང་རྡོ་རྗེ་ལགས།
    《དེང་རབས་བོད་སྐད་ཚིག་མཛོད་》དང་གཙོ་སྒྲིག་པ་རྡོ་སྦིས་ཚེ་རིང་རྡོ་རྗེ་ལགས།
         མི་དམངས་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ལོ་ངོ་བརྒྱད་ལྷག་ཙམ་རིང་བསྒྲིགས་པའི་《དེང་རབས་བོད་སྐད་ཚིག་མཛོད་》པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ཅིང་། འདིས་དེང་རབས་བོད་སྐད་ཕུན་སུམ་ཇེ་ཚོགས་དང་ཐ་སྙད་གསར་པར་གཞི་འཛིན་ས་ལེགས་པོ་ཞིག་ཡོད་པར་བྱས་འདུག 
         ཚིག་མཛོད་འདིའི་གཙོ་སྒྲིག་པ་རྡོ་སྦིས་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཚིག་མཛོད་འདི་བསྒྲིགས་པའི་དགོས་པའི་སྐོར་ལ་འདི་སྐད།  བོད་ཀྱི་ཐུན་མོང་མིན་པའི་ཤེས་རིག་ནི་བོད་སྐད་ཀྱི་མིང་བརྡ་གཏོས་ཆེན་པོ་ཞིག་ལ་བརྟེན་ནས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་ཀྱི་ཡོད། མིང་བརྡ་འདི་དག་ནི་ལོ་ཟླའི་དུས་ཀྱི་འགྱུར་བ་དང་བསྟུན་ནས་ནམ་ཡང་འགྱུར་ལྡོག་གི་གོམ་སྒྲ་མཚམས་མི་ཆད་པ་ནི་ཆོས་ཉིད་ཅིག་ཏུ་ལགས་པས། དུས་ཀྱི་རྦ་རླབས་ཁྲོད་ནས་ཤེས་བྱའི་མཚོ་མཐར་བགྲོད་པ་ལ་རིག་པའི་གནས་ཀུན་འདུས་པའི་ཚིག་མཛོད་ཀྱི་གྲུ་གཟིངས་ཤིག་ཅིས་ཀྱང་མཁོ་སྟེ། ཚིག་མཛོད་ནི་སློབ་མ་ཞིག་ལ་མཚོན་ན་ཁ་མི་གྲག་པའི་དགེ་རྒན་དང་། དགེ་རྒན་ཞིག་ལ་མཚོན་ན་གྲོགས་པོ་ཕྱི་ཐག་ཅན། ཞིབ་འཇུག་པ་ཞིག་ལ་མཚོན་ན་ཉིན་ནས་དགུང་ལ་ཞབས་འདེགས་བསྒྲུབ་པའི་ལག་རོགས་ཡག་པོ་ཞིག་ཡིན། དེ་བས་ང་ཚོས་བོད་ཡིག་ཆུ་ཚད་འབྲིང་རིམ་ཡན་ཆད་ཀྱི་ཀློག་པ་པོ་རྣམས་ཀྱིས་བོད་ཡིག་གི་གོ་བ་ལེགས་པོ་བསྐྱེད་པ་དང་བོད་ཀྱི་སྐད་ཆ་མཚོན་ཉམས་ཆེ་བ་འདི་གྲ་མ་ཆག་པ་དང་ཟུར་མི་ཉམས་པ། དེ་བཞིན་ཡིག་སྐད་དང་ཁ་སྐད་བར་གྱི་ཧེ་བག་ཆུང་དུ་གཏོང་ཕྱིར་བོད་སྐད་ཡིག་འདི་དུས་རབས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་དམིགས་ནས་ཚིག་མཛོད་འདི་བསྒྲིགས་པ་ལགས་ཞེས་གསུངས་ཀྱིན་འདུག 
         གསར་འགོད་པས་དཔེ་སྐྲུན་ཁང་དེ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚིག་མཛོད་འདིར་མིང་བརྡ་ཁྲི་8ལྷག་དང་། ཡིག་གྲངས་ས་ཡ་2དང་འབུམ་4ལྷག ཤོག་ངོས་2300བཅས་ཡོད་ཅིང་། མིང་བརྡའི་ནང་དོན་གཙོ་བོ་ལ་ལོ་རྒྱུས་དང་། རྩོམ་རིག ཆོས་ལུགས། སྤྱི་ཚོགས་སྒྲིག་གཞི། དཔལ་འབྱོར། སྨན་གཞུང་། ཡིག་ཚགས། སྐར་རྩིས། ས་དཔྱད། ཚད་མ། མངོན་བརྗོད། དཔེ་ཆོས། ཡུལ་སྐད། དམངས་སྲོལ། བརྡ་རྙིང་། བརྡ་སྤྲོད། ལེགས་སྦྱར་མིང་བརྡ། མི་རིགས་གཞན་གྱི་གཡར་མིང་། རྒྱལ་ཁབ་སོ་སོའི་མིང་། རང་རྒྱལ་གྱི་མི་རིགས་ལྔ་བཅུ་ལྔ་དྲུག་གི་བསྡུས་འགྲེལ། དེང་རབས་ཚན་རྩལ་སྐོར་གྱི་མིང་སོགས་སྣ་མང་འདུས་ཡོད། དེ་བས་ན་ཚིག་མཛོད་འདིའི་ངོ་བོ་ནི་སྣ་འཛོམས་ཚིག་མཛོད་ཅེས་པ་དེ་ཡིན།       
          ཚིག་མཛོད་འདིའི་གཙོ་སྒྲིག་པ་རྡོ་སྦིས་ཚེ་རིང་རྡོ་རྗེ་ལགས་ཀྱིས་ད་ལྟ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དུ་ཕྱག་ལས་གནང་བཞིན་ཡོད་ཅིང་། ཁོང་ནི་པེ་ཅིང་སློབ་གྲྭ་ཆེན་མོའི་འཚམས་འདྲིའི་ཡོན་ཏན་པ་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་ཡིན་ཞིང་། དེ་སྔོན་《གངས་ཅན་གཙུག་ལག་རིན་ཆེན་ཕྲེང་བ་》དང་《དེང་རབས་བོད་རིག་པའི་སྐོར་གྱི་དཔྱད་རྩོམ་གཅེས་བཏུས་》སོགས་དཔེ་ཚོགས་གྲགས་ཅན་དུ་མའི་གཙོ་སྒྲིག་པ་དང་རྩོམ་སྒྲིག་པ་གནང་མྱོང་ལ། ཁྱོན་སྡོམ་རྩོམ་སྒྲིག་གནང་པའི་དཔེ་དེབ་200ལྷག་ཡོད་པ་དང་། རྩོམ་སྒྲིག་ཡིག་གྲངས་བྱེ་བ་གཉིས་ལྷག་ཟིན་ཡོད་ཅིང་། དཔྱད་རྩོམ་དང་རྩོམ་རིག་བརྩམས་ཆོས་30ལྷག་དང་བསྒྱུར་དེབ་15བཅས་ཡོད། (ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།) 
    ༄༅༎བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་བོད་ཡིག་ཚིག་མཛོད་དང་པོ་དཔེ་སྐྲུན་
འགྲེམས་སྤེལ་བྱས་པ།
    ༄༅༎བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་བོད་ཡིག་ཚིག་མཛོད་དང་པོ་དཔེ་སྐྲུན་
འགྲེམས་སྤེལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།