འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཁྱབ་བསྒྲགས་བྱས་པ། 

    ཀྲུང་གོ་འཛམ་གླིང་གསར་གཏོད་ཀྱི་མདུན་གྲལ་ཨང་25པའི་ནང་ཐེངས་དང་པོ་ཚུད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་2016ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སུའེ་ཙེར་གྱི་ཇེ་ནེ་ཝར་ཁྱབ་བསྒྲགས་བྱས་པ་དང་། སྟོན་གྲངས་དེའི་ནང་ཀྲུང་གོ་འཛམ་གླིང་གི་གསར་གཏོད་བྱེད་ནུས་ཆེ་ཤོས་ལྡན་པའི་དཔལ་འབྱོར་སྒྲིག་གཞི་སྟོབས་ཆེན་གྱི་མདུན་གྲལ་ཨང་25པའི་ནང་ཐེངས་དང་པོ་ཚུད་པ་དང་། སུའེ་ཙེ་དང་། སུའེ་ཏེན། དབྱིན་ཇི། ཨ་རི། ཧྥིན་ལན་བཅས་ཨང་དང་པོ་ནས་ལྔ་པའི་བར་སླེབས་ཡོད་པ་རེད།
         2016ལོའི་གོ་ལ་ཧྲིལ་པོའི་གསརགཏོད་སྟོན་གྲངས་དེ་འདོན་ཐེངས་དགུ་པ་ཡིན་པ་དང་། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་དང་། ཨ་རིའི་ཁང་ནེར་སློབ་ཆེན། དབྱིན་ཧྲི་རྒྱལ་སྤྱིའི་ཚོང་ལས་སློབ་གླིང་བཅས་ཀྱིས་མཉམ་དུ་ཁྱབ་བསྒྲགས་བྱས་པ་ཞིག་རེད། སྟོན་གྲངས་དེའི་ལྟེ་བའི་གྲུབ་ཆ་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞིའི་གསར་གཏོད་ནུས་པ་དང་འབྲས་བུའི་བང་རིམ་ལས་གྲུབ་པ་དང་། ཞིབ་ཕྲའི་དཔྱད་དཔོག་སྟོན་གྲངས་ཁག་82ཚུད་ཡོད་པ་རེད། འདི་ལོའི་མིང་ཐོའི་ནང་ཀྲུང་གོ་འཛམ་གླིང་གི་གསར་གཏོད་བྱེད་ནུས་ཆེ་ཤོས་ལྡན་པའི་དཔལ་འབྱོར་སྒྲིག་གཞི་ཨང་25པར་སླེབས་ནས་ལོ་གོང་མ་ལས་ཨང་བཞི་འཕར་ཡོད་པ་རེད།
         འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་འགན་འཁུར་བས་བརྗོད་པར་གཞིགས་ན། འདས་ཟིན་པའི་ལོ་9ཡི་ནང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་གསར་གཏོད་ནུས་པར་བརྟག་དཔྱད་བྱས་པའི་བརྒྱུད་རིམ་ནང་ཚད་མཐོའི་དར་རྒྱས་བྱུང་བའི་དཔལ་འབྱོར་སྒྲིག་གཞིས་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ནང་སྔ་བར་ཕྱི་གསུམ་དུ་གནས་བབ་གཙོ་བོ་བཟུང་ཡོད་པ་དང་། སྟོབས་ཆེན་25ཡི་ནང་ཀྲུང་གོ་ཚུད་པ་དེ་ཐོག་ནས་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཚད་མཐོའི་དར་རྒྱས་ཀྱི་དཔལ་འབྱོར་སྒྲིག་གཞིའི་གྲས་སུ་ཐེངས་དང་པོ་ཚུད་པ་མཚོན་གྱི་ཡོད་པ་རེད།
         2016ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་སྒྲིག་གཞི་སྟོབས་ཆེན་དང་པོ་ནས་ཉེར་ལྔ་པའི་ནང་ཡོ་རོབ་ནས་15ཡོད་པ་དང་སུའེ་ཙེར་ལོ་6བསྟུད་མར་ཨང་དང་པོར་གནས་པ་དང་། སུའེ་ཏེན་དང་དབྱིན་ཇི་ཨང་གཉིས་པ་དང་གསུམ་པ་ཡིན་པ་རེད། ཨེ་ཤེ་ཡ་ས་ཁུལ་གྱི་སིང་ཀ་ཕོར་(ཨང་6པ)དང་ཧན་གོ་(ཨང་11པ)ཀྲུང་གོའི་ཤང་ཀང་(ཨང་14པ)རི་པིན་(ཨང་16པ)བཅས་སུ་སླེབས་ནས་ཨང་20པའི་གྲས་སུ་བརྟན་པོ་གནས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།