འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་དར་མ་དང་རྒན་རྒོན་གྱིས་ལུས་སྦྱོང་བྱ་རྒྱུར་དགའ་པོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དབྱིན་ཇི་བ་ལོ་50ལ་སླེབས་རྗེས་ལུས་སྦྱོང་བྱ་རྒྱུར་སྔར་བས་དགའ་པོ་བྱེད་ཀྱི་ཡོད། དབྱིན་ཇིའི་འགན་བཅོལ་ཀུང་སི་PIASཡིས་ཡོངས་བསྒྲགས་བྱས་པའི་བརྟག་ཞིབ་གསར་ཤོས་དེ་ཐོག་ནས་དབྱིན་ཇིའི་ལོ་50ཡན་གྱི་མི་ཚོགས་ཀྱིས་ལོ་གཅིག་ནང་ལུས་སྦྱོང་ཐད་བཏང་བའི་གྲོན་དངུལ་དབྱིན་པང་དུང་ཕྱུར་15ཟིན་པ་དང་ཆ་སྙོམས་ཟླ་རེར་ལུས་སྦྱོང་ཁང་གི་ཚོགས་མིའི་གྲོན་དངུལ་དང་ལུས་རྩལ་ཡོ་བྱད་དང་གྱོན་ཆས་ཆ་ཚང་ཉོ་སྒྲུབ་ཐད་མ་དངུལ་བཏང་ཚད་དབྱིན་པང་དུང་ཕྱུར་1.3ཟིན་པས་ཁྲོམ་རའི་བསྡོམས་འབོར་བཟུང་ཚད་དངོས་ནས་དམའ་པོ་མིན།
         ཁོང་ཚོའི་ཁྲོད་དར་སོ་ཆེ་ཤོས་ཀྱི་ལུས་སྦྱོང་བྱ་ཐབས་ནི་འཆམ་འཆམ་དུ་འགྲོ་བ་དང་། གོམ་པ་མགྱོགས་པོ་སྤོ་བ། རྐང་འཁོར་བཞོན་པ། ཆུ་རྐྱལ་རྒྱག་པ། རྐང་ལག་རྐྱང་སྐུམ་བཅས་རེད། ལོ་50ཡན་གྱི་བཅར་འདྲི་དང་ལེན་བྱེད་མཁན་ཁྲོད་ཀྱི་ཕྱེད་ཀ་ལྷག་ཙམ་གྱིས་ལོ་50ཡི་རྗེས་བདེ་ཐང་གནད་དོན་ཐད་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་ཤོད་པ་དང་། མི་74%ཡིས་ཁོང་ཚོས་རྟག་ཏུ་གོམ་པ་མགྱོགས་པོ་སྤོ་བའི་སྦྱོང་བརྡར་འཆར་གཞི་འགོད་ཀྱི་ཡོད་ཅེས་ཤོད་པ། མི་81%ཀྱིས་ཁོང་ཚོས་ལུས་སྦྱོང་བྱེད་པ་ནི་བདེ་ཐང་ཡོང་ཆེད་ཡིན་ཞེས་ཤོད་ཀྱི་ཡོད། ལོ་ན་ཆེ་རུ་འགྲོ་བ་དང་སྦྲགས་གཟུགས་པོའི་ལྗིད་ཚད་མང་ཉུང་ལ་མ་བལྟོས་པར་ཚད་ལས་བརྒལ་གྱི་ཡོད་པས་འབྱུང་འགྱུར་གྱི་བདེ་ཐང་ཐད་མངོན་མེད་རྐྱེན་ངན་བཟོ་གི་ཡོད།
         གསར་འགོད་པས་བཅར་འདྲི་ཞུས་སའི་ཨར་ཁང་ཞིག་གི་ཅིང་ལི་ལོ་50ཙམ་ལ་སླེབས་མོད་འོན་ཀྱང་སྙིང་སྟོབས་ཆེན་པོ་ལྡན་ཞིང་། གསར་འགོད་པས་ཡ་མཚན་ཆེན་པོའི་སྒོ་ནས་ཇི་ལྟར་བྱས་ཏེ་ལུས་སེམས་ཡག་པོ་རྒྱུན་འཁྱོངས་བྱས་པའི་སྐོར་འདྲི་སྐབས་ཁོང་གིས་ངས་གཟའ་འཁོར་རེར་ལུས་སྦྱོང་ཁང་དུ་ལུས་སྦྱོང་བྱེད་པར་ཐེངས་གསུམ་ནས་བཞི་བར་འགྲོ་བ་དང་ཐེངས་རེར་གསོ་རླུང་ལྡན་པའི་ལུས་རྩལ་སྐར་མ་40དང་རྐང་ལག་རྐྱང་སྐུམ་གྱི་ལུས་རྩལ་སྐར་མ་20རྩེ་བའི་གོམས་གཤིས་དེ་ལོ་བཅུ་ལྷག་ཙམ་རྒྱུན་འཁྱོངས་བྱས་ཡོད“ད་ཆ་ལུས་སྦྱོང་དེ་ངའི་ངོས་ནས་བཤད་ན་གོམས་གཤིས་ཤིག་ཏུ་གྱུར་པས་དེ་ལས་ངར་སྤྲོ་སྣང་ཆེན་པོ་སྦྱིན་གྱི་འདུག”ཅེས་བཤད་བྱུང་།
         གཞན་ཡང་དྲ་རྒྱ་བརྒྱུད་ལུས་སྦྱོང་སྒྲིག་འཛུགས་དང་འབོད་སྐུལ་བྱེད་པའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་སོང་ཡོད། སྤྱི་ཚོགས་ཚོགས་སྤྱིའི་དྲ་བའི་ཐོག་ལོ་50ཡན་ལ་སླེབས་པའི་མི་སྣར་དམིགས་པའི་ལུས་སྦྱོང་རིགས་ཀྱི་ལུས་རྩལ་མང་པོ་ཡོད། གསར་འགོད་པས་དེ་སྔ་རྐང་ཐང་མར་སྐྱོད་པའི་བྱེད་སྒོ་ཞིག་ནང་ཞུགས་པ་དང་དེའི་ཁྲོད་ཞུགས་མཁན་མང་ཆེ་བ་ནི་དར་མ་དང་རྒན་རྒོན་ཡིན་པ་ཤེས་བྱུང་། དུས་ཡུན་ཆུ་ཚོད་གཉིས་ཀྱི་རྐང་ཐང་མར་སྐྱོད་པའི་བྱེད་སྒོའི་ཁྲོད་ཁོང་ཚོར་བློ་བདེ་བག་ཕེབས་ཀྱི་སྣང་བ་ཞིག་མངོན་གྱི་འདུག མིག་སྔར་ས་གནས་ཀྱི་གྲོང་སྲིད་ཨུ་ལྷན་མང་པོ་ཞིག་གི་དྲ་ཚིགས་ཐོག་དར་མ་དང་རྒན་རྒོན་ལ་འཚམ་པའི་ལུས་རྩལ་གྱི་འབྲེལ་ཡོད་བྱེད་སྒོའི་ཆ་འཕྲིན་འོས་སྦྱོར་བྱེད་པ་དང་གྲོང་ཁུལ་འགའ་ཞིག་གིས་ད་དུང་ཆེད་མངགས་ལོ་50ཡན་གྱི་མི་སྣར་དམིགས་པའི་གཟིགས་སྐྱོང་ལུས་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།