འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།ཧྲན་ཏུང་གིས་གྲངས་ཉུང་མི་རིགས་ཀྱི་དམངས་འཚོ་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། “སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྡེ་ཚན་གྱིས་ཐེ་ཞུགས་བྱེད་པ། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ། རིམ་པ་ཕྱེ་ནས་སྐུལ་འདེད་གཏོང་བ”བཅས་ཀྱི་རོགས་སྐྱོར་ལམ་སྲོལ་གཞིར་བཟུང་། ཧྲན་ཏུང་གིས་རོགས་སྐྱོར་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་གྲངས་ཉུང་མི་རིགས་ཀྱི་དམངས་འཚོ་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ཡོད། ན་ནིང་ནས་བཟུང་། རྒྱལ་ཁབ་དང་ཧྲན་ཏུང་ཞིང་ཆེན་ནོར་སྲིད་ཀྱིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་སྒོར་ཁྲི་6608བཏང་བ་དེ་དག་མི་རིགས་ཤང་གྲོང་གི་འགྲོ་ལམ་འགྲིམ་འགྲུལ་དང་། གློག་དྲ་སྒྱུར་བཀོད། ཞིང་ནང་ཆུ་བེད། ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་སོགས་ལ་སྤྱད་པས་ཕན་པ་ཐོབ་མཁན་གྲངས་ཉུང་མི་རིགས་མང་ཚོགས་མི་ཐེངས་ཁྲི་18ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་1160གཤམ་སྤྲོད་བྱས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་། ལུས་རྩལ། འཕྲོད་བསྟེན་སོགས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ། ཞིང་ཆེན་རིམ་པའི་མི་རིགས་སློབ་གསོའི་ཆེད་དོན་མ་དངུལ་སྒོར་ཁྲི་1000གཤམ་སྤྲོད་བྱས་ནས་མི་རིགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བ་རེད།
         ཧྲན་ཏུང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྲན་ཏུང་གིས་ད་དུང་མི་རིགས་ཤང་གྲོང་གི་ལེགས་ཆ་ལྡན་པའི་ཐོན་ལས་དང་ཁྱད་ལྡན་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ། གྲངས་ཉུང་མི་རིགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པས། མིག་སྔར་ཞིང་ཆེན་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་359ཡོད་པའི་ནང་ཞུགས་མཁན་ཞིང་དུད་23900ལྷག་ཙམ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་13.7ཟིན་ནས་མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སྣ་ཁ་གསོ་སྤེལ་སྡུར་གྲངས་85.5%ཟིན་པ་དང་མཉམ་ལས་ཁང་ལ་ཞུགས་པའི་ཞིང་པའི་ཡོང་འབབ་ཞིང་དུད་གཞན་དག་ལས་30%ཡན་གྱི་མཐོ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།