འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དྲ་གསུམ་མཉམ་འདྲེས་ཁྱབ་གདལ་ཇུས་གཞི》
    པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དྲ་གསུམ་མཉམ་འདྲེས་ཁྱབ་གདལ་ཇུས་གཞི》(འོག་ཏུ་བསྡུས་མིང་《ཇུས་གཞི》)པར་འགྲེམས་བྱས་ཏེ། རྒྱལ་ཡོངས་སུ་དྲ་གསུམ་མཉམ་འདྲེས་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། ཆ་འཕྲིན་དྲ་བའི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།
         《ཇུས་གཞིའི》ནང་ལས་ཀའི་དམིགས་ཚད་ཁག་དྲུག་བཏོན་པ་སྟེ། གཅིག་ནི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གློག་འཕྲིན་ལས་སྒོ་མཉམ་ཞུགས་བྱ་རྒྱུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་བ་དང་འབྲེལ། དོན་སྙིང་ལྡན་པའི་ལས་དོན་སྤེལ་དགོས་པ་དང་། གཉིས་ནི་དྲ་བའི་ཐེག་ནུས་དང་ལག་རྩལ་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། གསུམ་ནི་མཉམ་འདྲེས་ལས་སྒོ་དང་དྲ་བའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་དགོས་པ། བཞི་ནི་ཚན་རིག་དང་མཐུན་ལ་ནུས་པ་ལྡན་པའི་ལྟ་སྐུལ་དོ་དམ་ལམ་ལུགས་དང་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་དགོས་པ། ལྔ་ནི་བདེ་འཇགས་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས་པ། དྲུག་ནི་ཆ་འཕྲིན་འཛད་སྤྱོད་མགྱོགས་མྱུར་འཕར་བ་བྱེད་དགོས་པ་བཅས་རེད།
         《ཇུས་གཞིའི》ནང་གཅིག་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གློག་འཕྲིན་ལས་སྒོ་མཉམ་ཞུགས་ལ་སྐུལ་འདེད་གཏོང་དགོས་པ་སྟེ། ཞིང་ཆེན་ཁག(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གིས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་སྒོ་སྤེལ་ཡུལ་གཏན་འཁེལ་བྱེད་པ་དང་། གློག་འཕྲིན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལས་རིགས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་དང་ལས་སྒོའི་ཞིབ་མཆན་དབང་ཚད་གཞིར་བཟུང་ལས་སྒོའི་ཆོག་འཐུས་ཞིབ་མཆན་འགོད་པ། IPTVའདུས་གྲུབ་གཏོང་འཛིན་སྟེགས་བུ་དང་IPTVབརྒྱུད་གཏོང་མ་ལག་སྦྲེལ་མཐུད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཉིས་ནས་གཤོང་ཆེའི་དྲ་རྒྱ་འཛུགས་སྐྲུན་སྒྱུར་བཀོད་དང་སྤྱི་འདོམས་འཆར་འགོད་མགྱོགས་པོ་བྱེད་དགོས་པ་སྟེ། ཐོན་རྗེས་མའི་རླུང་འཕྲིན་བརྙན་འཕྲིན་དྲ་བ་དང་གློག་འཕྲིན་གཤོང་ཆེའི་དྲ་རྒྱ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གློག་འཕྲིན་བརྒྱུད་གཏོང་དྲ་བ་དང་རླུང་འཕྲིན་བརྙན་འཕྲིན་བརྒྱུད་གཏོང་དྲ་བ་འཛུགས་སྐྲུན་རིམ་སྤོར་སྒྱུར་བཀོད་ཀྱི་སྤྱི་འདོམས་འཆར་འགོད་མུ་མཐུད་ཡག་པོ་བྱེད་དགོས་པ། གསུམ་ནས་དྲ་བའི་ཆ་འཕྲིན་བདེ་འཇགས་དང་རིག་གནས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། དྲ་བའི་ཆ་འཕྲིན་བདེ་འཇགས་དང་རིག་གནས་བདེ་འཇགས་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། ལག་རྩལ་དོ་དམ་མ་ལག་འཛུགས་སྐྱོང་དང་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་སྟེ། གསར་དར་ལས་སྒོ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། དྲ་གསུམ་མཉམ་འདྲེས་ཀྱི་འགག་རྩའི་ཆ་འཕྲིན་ལག་རྩལ་ཐོན་རྫས་ཞིབ་བཟོར་སྐུལ་འདེད་གཏོང་བ། སྐྱོན་བྲལ་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་གཏོད་པ། དྲ་གསུམ་མཉམ་འདྲེས་ཚད་གཞི་དང་འཚམ་པའི་མ་ལག་འཛུགས་པ་བཅས་བྱེད་དགོས་པ་གསལ་པོ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།