འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ཐེང་ཁྲུང་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་
    ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་
    དྲན་གསོའི་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན་ཡུན་ནན་ཞིང་ཆེན་གྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་རི་འགོག་གི་འཐབ་ས་གལ་ཆེན་ཐེང་ཁྲུང་དུ་འཚོགས་པ་རེད།
         ཐེང་ཁྲུང་ནི་གནའ་སྔ་མོ་ནས་བཟུང་དམག་དོན་གྱི་གྲོང་རྡལ་གལ་ཆེན་ཞིག་རེད། 1942ལོའི་ཟླ་5པར་རི་དམག་གིས་འབར་མར་བཙན་འཛུལ་བྱས་ཏེ་ཡུན་ནན་དང་འབར་མའི་གཞུང་ལམ་བཅད་པ་མ་ཟད། ཐེང་ཁྲུང་ཚུད་པའི་ཡུན་ནན་རྒྱ་མོ་རྔུལ་ཆུའི་ནུབ་རྒྱུད་ཀྱི་ས་ཆ་མང་པོ་ཧམ་བཟུང་བྱས་པ་ནས་བཟུང་། ཐེང་ཁྲུང་ཡུན་ནན་ནུབ་རྒྱུད་ཀྱི་རི་འགོག་གི་འཐབ་ས་གལ་ཆེན་དུ་གྱུར་པ་མ་ཟད། རི་འགོག་ལ་བློས་གཏོང་ཆེན་པོ་བྱས་ཡོད། དམག་འཐབ་བྱས་པ་བརྒྱུད། ཀྲུང་གོའི་དམག་དཔུང་གིས་1944ལོའི་ཟླ་9པར་ཐེང་ཁྲུང་ཚུར་བླངས་པ་དང་རི་དམག་6000ལྷག་ཙམ་རྩ་མེད་བཏང་བས། ཐེང་ཁྲུང་དགྲ་བོའི་ས་ནས་ཚུར་བླངས་པའི་རྫོང་གྲོང་དང་པོ་དེ་རེད།
         དེ་རིང་ཐེང་ཁྲུང་གི་ཕྱོགས་གང་ས་ནས་དྲན་གསོའི་རྣམ་པ་ཟབ་མོ་མངོན་ཞིང་། ལས་རིགས་ཁག་གི་འཐུས་མི་2000ཐེང་ཁྲུང་རྫོང་ཅིང་ཀྲུང་ཐང་ཆེན་དུ་འཛོམས་ནས་རྒྱལ་གླུ་བླངས་རྗེས། མི་སྣ་ཡོངས་ཀྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནང་གཟི་བརྗིད་ངང་གྲོངས་པའི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་ཏེ་རྗེས་དྲན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
         “དེ་སྔའི་ཡ་ང་བའི་ལོ་ཟླར་ཕྱིར་དྲན་བྱས་ཚེ། དེ་རིང་གི་ཐོབ་དཀའ་བའི་ཞི་བདེ་དང་བདེ་སྐྱིད་དེ་བས་ཚོར་ཐུབ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས”ཞེས་འདི་ལོ་ལོ་91ལ་སླེབས་པའི་འཐུས་མི་ལི་ཧྥང་ཀུང་གིས་རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ཀྱི་ཚབ་ཞུས་ནས་དེ་ལྟར་བཤད། ཐེང་ཁྲུང་རྫོང་སློབ་འབྲིང་དང་པོའི་དམའ་རིམ་གཉིས་པའི་སློབ་མ་ལིའུ་ཆན་གྱིས་ང་ཚོ་གཞོན་ནུ་ཚོས་མེས་རབས་ཚོས་འབད་འཐབ་བྱས་ནས་བྱུང་བའི་རང་བཙན་དང་རང་དབང་ལོངས་སུ་སྤྱད་དེ་མེས་རྒྱལ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགན་ལྕི་དེ་བས་ཕྲག་ཐོག་ཏུ་འཁུར་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།