འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལོ་རྒྱུས་བསྟན་བཅོས་ཐོག་མ་《བཀའ་ཆེམས་བཀའ་ཁོལ་མ་ཆེན་མོ》

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཀྱི་ལོ་རྒྱུས་བསྟན་བཅོས་ཐོག་མ་《བཀའ་ཆེམས་བཀའ་ཁོལ་མ་ཆེན་མོ》
         བོད་ཀྱི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་ཕྲེང་བ་ཞེས་པའམ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལོ་རྒྱུས་དང་། རྣམ་ཐར་ཕྱི་མ་བཀའ་ཆེམས་གསེར་གྱི་ཡང་ཞུན། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས་བོད་ཡུལ་དབུས་སུ་དམ་པ་ཆོས་ཀྱི་སྲོལ་ནང་འདྲེན་བྱས་ཏེ། ཆོས་འཁོར་ལྷ་སའི་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་རྒྱལ་པོའི་བཀའ་ཆེམས་བཀའ་ཁོལ་མ། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་བཀའ་ཆེམས་མེ་ཏོག་ཕྲེང་བ་ཞེས་མཚན་གྱི་རྣམ་གྲངས་དུ་མ་ལྡན་པའི་ཕྱག་དཔེ། ཡོངས་གྲགས་སུ་བཀའ་ཆེམས་བཀའ་ཁོལ་མ་ཞེས་བྱ་བ་ལེའུ་བཅུ་དྲུག་གི་བདག་ཉིད་ཅན་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ལུང་ཡིན་ཞིང་། ཆོས་རྒྱལ་ཉིད་ཀྱི་དུས་སྐབས་སུ་ཡིག་གེར་བཀོད་ནས་གཏེར་དུ་སྦས་པ་ཇོ་བོ་རྗེ་དཔའ་ལྡན་ཨ་ཏི་ཤས་དགུང་ལོ་༦༧པ་རབ་བྱུང་གཉིས་པའི་ས་བྱི་སྤྱི་ལོ་༡༠༤༨ལོར་ལྷ་ལྡན་གཙུག་ལག་ཁང་གི་གཏེར་ནས་བཞེས།དེའི་སྐོར་བཀའ་ཆེམས་སུ་འདི་ལྟར་བཀོད་ཡོད་དེ། (དེ་ནས་རྒྱལ་པོ་ཡབ་ཡུམ་དགུང་དུ་གཤེགས་སོ་ཞེས་བསྒྲགས་ནས། ཡར་ལོངས་དོན་མཁར་ཐང་དུ་ཨ་ཡ་བོན་པོ་རྣམས་ཀྱིས་བང་སོ་བརྩིགས་ཏེ། རྒྱལ་པོའི་བཀའ་ཆེམས་མཐོ་མཐོང་མ་དང་བཀའ་ཁོལ་མ་འདི་གཉིས་བང་སོའི་ནང་ན་རྒྱུད་རིས་སུ་བྲིས་ནས་ཡོད་དོ།།)ཞེས་བཀའ་ཆེམས་འདི་ཉིད་ཀྱི་མ་ཕྱི་ཆོས་རྒྱལ་ཉིད་ཀྱི་སྐུ་རིང་དུ་བྱུང་བ་གསལ། ཕྱིས་བཀའ་ཆེམས་འདིའི་མ་ཕྱི་གཙུག་ལག་ཁང་གི་གཏེར་ནས་བཏོན་པ་དེ་ནི་ཁ་མི་ཚང་བ་ཇོ་བོ་རྗེ་དཔའ་ལྡན་ཨ་ཏི་ཤས་ལྷ་སའི་སྨྱོན་མ་ཞེས་པ་ཞིག་གི་ངག་རྒྱུད་ལྟར་ཁ་གསབ་ཏུ་ཡིག་གེར་བཀོད་པའི་ལོ་རྒྱུས་སུ་གསལ། དེའི་སྐོར་ལ་ཕྱག་དཔེ་འདིའི་མཇུག་བྱང་བཀའ་ཆེམས་ཀྱི་མཇུག་བསྡུ་བར་འདི་ལྟར་བཀོད་ཡོད་པ་སྟེ། (རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྤྲུལ་པ་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་དེའི་ཞལ་ནས། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དེའི་བཀའ་ཆེམས་ཞེས་བྱ་བ། ལྷ་ས་བཞེངས་པའི་ལོ་རྒྱུས་ཀྱི་ཡི་གེ་འདི་བྲིས་པ་དང་། ཀློག་པ། ཉན་པ་ལ་ཕན་ཡོན་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་ངོ་གསུང་ངོ་། །ཅི་སྟེ་ཕན་ཡོན་ཆེ་བའི་ལོ་རྒྱུས་དང་རྒྱུ་མཚན་ནི། སྒྲོལ་མ་སྔོན་མོའི་སྤྲུལ་པ་ལྷ་སའི་སྨྱོན་མ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེས་ལུང་བསྟན་པ་ཡིན་པས་ཕན་ཡོན་ཆེ་བ་ཡིན་ནོ་གསུང་།)ཞེས་པ་ལས་གསལ་བ་བཞིན་ནོ། །དེ་བཞིན་ཆད་པ་ཁ་གསབ་པའི་ཐད་བཀའ་ཆེམས་ལས་(དེ་ལྟར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཉིད་ཀྱི་བཀའ་ཆེམས་བཀའ་ཁོལ་མ་ཆེན་མོ་འདི་ཉིད་ལ་ལྷག་ཆད་དང་། ཡི་གེ་མཁན་པོས་གོ་མ་གོ་སོགས་ཀྱི་ནོར་འཁྲུལ་འདུག་པ་རྣམས་ཕྱི་མོ་བཞི་ལས་འདུས་ཏེ།ལྷག་ཆད་རྣམས་ཁ་བཀང་སྟེ་དག་པར་བྲིས་པ་ལེགས་སོ། ། )ཞེས་པའོ། །
         གཏེར་ནས་བཞེས་སྐབས་ཀྱི་ཕྱག་དཔེ་འདིའི་རྣམ་པ་ནི་བཀའ་ཆེམས་ལས་(གཞན་ཡང་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་གི་ཞལ་ནས། རྒྱལ་པོའི་བཀའ་ཆེམས་ཀྱི་ཡི་གེ་ཤོག་དྲིལ་འདི། དར་ཡུག་སྔོན་པོ་ཤོག་བུ་བྱས། གསེར་གྱི་ཡི་གེ་བྲིས་ནས་འདུག་པ་མཐོང་ནས་རྒྱས་འབྲིང་བསྡུས་གསུམ་དུ་འདུག་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་ཏེ། གཙུག་ལག་ཁང་གི་ནང་ནས་གཏེར་ནས་བྱུང་སྟེ། དུས་ཕྱི་མའི་མི་རྣམས་ཚོགས་ཆེན་པོ་བསོག་པའི་ཆེད་དུ། པོ་ཏི་གླེགས་བམ་གྱི་ནང་དུ་ཡི་གེར་བྲིས་སོ། བཀའ་ཆེམས་ཀྱི་ཡི་གེ་འདི་ཡང་མཐོང་བར་དཀའ་བ། ཐོས་པར་དཀའ་བ། རྙེད་པར་དཀའ་བ་ཡིན་ཏེ། དེ་ཇི་ལྟར་དཀའ་ཞེ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་ལས། གཞན་གྱིས་རྙེད་པ་དང་བསྟན་པར་ནུས་པར་དཀའ་བས་སོ། །  )ཞེས་འབྱུང་པ་བཞིན་ནོ། །
         བཀའ་ཆེམས་འདི་ནི་དུས་རབས་བདུན་པར་སློབ་དཔོན་ཐོན་མིས་བོད་ཡིག་གསར་གཏོད་མཛད་རྗེས་བྱུང་བས་དུས་དང་ནང་དོན་གྱི་གང་ཐད་ནས་ཀྱང་བོད་ཡིག་ཐོག་ལོ་རྒྱུས་བསྟན་བཅོས་ཀྱི་ཐོག་མ་དང་མ་ཕྱི་ལྟ་བུར་གྲུབ་པས་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་ཧ་ཅང་གཙིགས་ཆེན་དུ་བཞག་ཡོད། དེའི་ཁྲོད་དུ་བརྗོད་བྱའི་དོན་གྱི་ཐད་སྐབས་དེ་དང་དེའི་གོང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ལོ་རྒྱུས། སྤྱི་ཚོགས་སྒྲིག་གཞི། ཆོས་ལུགས་སོགས་འདུས་ཡོད་ལ། རྗོད་བྱེད་ཚིག་གི་ཐད་ཡིག་རྙིང་གི་ཁྱད་ཆོས་མངོན་པར་གསལ་ཞིང་། ས་མིང་དང་མི་མིང་གི་འབྲི་སྟངས་ཀྱང་སྔ་མའི་དག་ཆ་ཡིན་པ་འདིར་ཡང་བཟོ་བཅོས་མ་བྱས་པར་རང་སོར་བཞག་ཡོད་པ་དེ། ཀོང་ཇོ་ལ་ཨོང་ཅོང་དང་། དབུ་རུ་སྐྱིད་ཤོད་ལ་ཀྱི་ཤོད་དང་ཀྱིད་ཤོད། སྐྱིད་ཆུ་ལ་ཀྱི་ཆུ་ཞེས་པ་ལྟ་བུ།
         དེ་ཡང་བཀའ་ཆེམས་འདིའི་ཕྱི་མི་ལ་ཤོག་དྲིལ་གསུམ་དུ་སྣང་བ་དང་མཁས་པ་དུ་མའི་ཕྱག་སོར་བརྒྱུད་པ། དེ་བཞིན་ཕྱི་མོ་དེ་ལ་བཤུ་འབྲི་ཐེངས་གསུང་བགྱིས་པའི་སྐོར་བཀའ་ཆེམས་ལས་འདི་ལྟར་བཀོད་ཡོད་པ་སྟེ། (ཕྱི་མོ་ཤོག་དྲིལ་གསུམ་པོ་ནི་གཏེར་བསྲུང་བཀའ་ཉན་གྲགས་ནས་ཤུལ་དུ་སྦས་སོ། ཇོ་བོ་རྗེས་བང་སྟོན་ལ་གནང་། བང་སྟོན་གྱིས་སྟོད་ལུངས་པ་ལ་གནང་། དེས་སྤྱན་སྔ་བ་ལ། དེས་སྣེའུ་ཟུར་བ། དེས་འབྲི་གུང་པ་ལ། དེས་རྒྱ་མ་བ་ལ། དེས་རྭ་སྒྲེང་བ་ལ། དེས་དཀོན་བཟང་ལ། དེས་རྡོ་རྗེ་ཚུལ་ཁྲིམས། དེས་བདག་ལའོ། ཡི་གེ་འདིའི་ཕྱི་མ་ཡང་དག་པ་གསུམ་ལ་བྱས་ནས་བྲིས།)ཞེས་དང་།(ཕྱི་མོ་ཅིག་ན་བཀའ་ཆེམས་བཀའ་ཁོལ་མ་འདི་དགེ་བཤེས་རྣམ་འབྱོར་བས་དཔེ་ཆུང་བཤུས་ནས།དགེ་བཤེས་སྤྱན་སྔ་བ་ལ་གནང་། དེས་དགེ་བཤེས་བྱ་ཡུལ་བའི་ཕྱག་ན་ཡོད་པ་གདུང་རྟེན་དུ་བཅུག དཔེ་ཕྱི་མོ་གློ་འབུར་གྱི་ལྡེར་ཚོའི་ནང་ན་ཡོད་བྱ་བར་གྲགས་སོ། །)ཞེས་དང་།(རྒྱལ་པོས་ཇི་ལྟར་བཏུལ་བའི་ལོ་རྒྱུས་ཡོད་པ་གཙང་དུ་ཤོར་སྐད་འདི་ལ་རྒྱས་འབྲིང་བསྡུས་གསུམ་ཡོད།འདི་རྒྱས་ཤོས་ཡིན་ཟེར་བར་འདུག་པ་བཞིན་བཀོད་པའོ།) ཞེས་ཁ་གསལ་བར་བཀོད་པ་བཞིན་ནོ། །
         བཀའ་ཆེམས་འདིའི་དཔེ་རྒྱུན་ལ་དཔེ་གཞི་མི་འདྲ་བ་འགའ་རེ་བཞུགས་ཡོད་པར་འདུག་སྟེ། པེ་ཅིང་མི་རིགས་དཔེ་མཛོད་ཁང་དང་བླ་བྲང་དགོན་པའི་དཔེ་མཛོད་ཁང་དུ་ལག་བྲིས་མ་རེ་རེ་མཛོད་ཉར་གནང་ཡོད་པར་བཤད་པ་དང་། གཞན་མ་ཡིག་གློག་པར་ཅན་གྱི་དཔེ་གཞིའང་གཞུང་སྒེར་གང་རུང་དུ་ཉར་ཚགས་གནང་ཡོད་པར། ངེད་དཔེ་སྐྲུན་ཁང་གིས་ཕྱག་དཔེ་འདིའི་མ་ཡིག་གློག་པར་ཅན་ལ་གཞིར་བྱས་ཤིང་དཔེ་བསྡུར་གྱིས་དཔེ་དེབ་གཟུགས་སུ་བསྐྲུན་པ་ཡིན། ཞེས་རྡོ་སྦིས་ཚེ་རིང་རྡོ་རྗེས་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ས་ག་ཟླ་བའི་གནམ་གང་ཉིན་སྦྱར་བའོ། །
      

    ཕྱོགས་བསྡུས་གསར་འགྱུར།