འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བྱང་སྣེའི་གནད་དོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་བྱང་སྣེའི་དྲོད་ཚད་འཕར་བ་དེས་
    གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་ཐད་མཐོང་ཆེན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིས་གཙོ་གཉེར་བྱས་པའི་བྱང་སྣེའི་གནད་དོན་གྱི་རྒྱལ་སྤྱིའི་ཚོགས་འདུ་དེ་ཉེ་ཆར་ཨ་ལ་སི་ཅ་ཀྲོའུ་ཨན་ཁེ་ལེ་ཆི་གྲོང་ཁྱེར་དུ་འཚོགས་པ་དང་གནམ་གཤིས་འགྱུར་ལྡོག་འགྲོ་བ་དེ་ལྟེ་བའི་གྲོས་གཞིར་གྱུར་བ་རེད། ཚོགས་ཞུགས་རྒྱལ་ཁབ་ཁ་ཤས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ཤིག་ནང་བྱང་སྣེའི་གནམ་གཤིས་དྲོ་རུ་མགྱོགས་མྱུར་ཕྱིན་པ་དེས་ས་གནས་དེ་ག་དང་དེ་བཞིན་འཛམ་གླིང་ས་གནས་གཞན་དག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པར་བརྟེན་བྱ་སྤྱོད་སྤེལ་ནས་བྱང་སྣེའི་ས་ཁུལ་གྱི་དྲོད་ཚད་འཕར་འགོར་དུ་གཏོང་རྒྱུར་མོས་མཐུན་བྱས་པ་རེད།
         ད་ཐེངས་ཀྱི་དུས་ཡུན་ཉིན་གཅིག་གི་ཚོགས་འདུའི་མིང་ལ“བྱང་སྣེའི་ལས་དོན་ཐད་ཀྱི་གོ་ལ་ཧྲིལ་པོའི་འགོ་ཁྲིད་བྱེད་ཤུགས་ཀྱི་ཚོགས་ཆེན། མཉམ་ལས་དང་། གསར་གཏོད། ཞུགས་པ། སེམས་ཤུགས་བརྟན་པོ”ཞེས་བརྗོད་པ་དང་ཚོགས་འདུར་ཞུགས་མཁན་གྲས་སུ་རྒྱལ་ཁབ་20དང་ཡོ་རོབ་མནའ་འབྲེལ་ཡོད་པ་དེའི་ནང་ཨ་རི་དང་ཨུ་རུ་སུ་སོགས་བྱང་སྣེའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་8དང་ཀྲུང་གོ་དང་། རི་པིན། རྒྱ་གར་སོགས་བྱང་སྣེ་མིན་པའི་རྒྱལ་ཁབ་12ཚུད་ཡོད་པ་རེད།
         ཚོགས་ཞུགས་འཐུས་མིས་བྱང་སྣེའི་འབྲེལ་ཡོད་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱས་པ་དང་གྲོས་གཞི་ཕལ་ཆེ་བས་བྱང་སྣེ་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་དམིགས་པ་དཔེར་ན་གནམ་གཤིས་འགྱུར་ལྡོག་ཕྱིན་པ་དེས་བྱང་སྣེ་ས་ཁུལ་ལ་འགྱུར་ལྡོག་འགྲོ་བ་དང་། བྱང་སྣེ་ས་ཁུལ་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་ཐུན་མོང་མ་ཡིན་པའི་ནུས་པ། བྱང་སྣེ་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་དམིགས་པའི་འཚམ་ནུས་རང་བཞིན་གྱི་འཆར་འགོད་སོགས་རེད། ཨུ་རུ་སུ་དང་། ཀྲུང་གོ རྒྱ་གར་བཅས་ཕུད་ཚོགས་ཞུགས་རྒྱལ་ཁབ་གཞན་དག་དང་ཡོ་རོབ་མནའ་འབྲེལ་གྱིས་ཚོགས་འདུ་གྲོལ་རྗེས་གནམ་གཤིས་འགྱུར་ལྡོག་དང་བྱང་སྣེའི་གནད་དོན་ཐད་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བ་རེད།
         འདི་ལོའི་ཟླ་4པར་བྱང་སྣེའི་ལས་འཛིན་ལྷན་ཚོགས་ཀྱིས་ཐཱན་དང་ཅ་ཝན་ཕྱིར་འབུད་ཉུང་དུ་གཏོང་བའི་བྱ་སྤྱོད་སྐོར་གྱི་སྒྲོམ་གཞིར་གྲོས་འཆམ་བྱས་པ་དང་མཉམ་འབྲེལ་གསལ་བསྒྲགས་ནང་ཞུགས་པའི་རྒྱལ་ཁབ་ཀྱིས་བྱ་སྤྱོད་སྒྲོམ་གཞི་དེར་རྒྱབ་སྐྱོར་བྱས་པ་དང་འབྲེལ་དྲོད་ཚད་འཕར་བ་དེས་བྱང་སྣེའི་ཡུན་གཏན་འཁྱགས་ས་དང་ཐཱན་སྡེབ་གསོག་ཁུལ་གཞན་དག་གི་ཤུགས་རྐྱེན་ཐེབས་ཤུགས་ཐད་ཞིབ་འཇུག་དེ་བས་མང་བ་བྱས་ནས་བྱང་སྣེ་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་དགོས་ངེས་ཀྱི་ཆ་འཕྲིན་དང་ཐབས་ཤེས་མཁོ་འདོན་བྱེད་པ་དང་ས་ཆ་དེ་གའི་ཡུལ་མིར་ཐཱན་ཉུང་ལ་བརྟེན་ནས་འཚོ་བ་ལེགས་སུ་གཏོང་རོགས་བྱས་ཐོག་རྒྱུན་སྲིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།