འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སུའེ་ཏེན་གྱི་རྒྱ་ཡིག་སློབ་ཁྲིད་ལྟ་བར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སུའེ་ཏེན་དུ་སློབ་འབྲིང་སློབ་མ་མང་ཆེ་བས་ཕྱི་སྐད་སྣ་ཚོགས་སློབ་སྦྱོང་བྱེད་ཀྱི་ཡོད། འོན་ཀྱང་ཕ་སྐད་ཡིན་པའི་སུའེ་ཏེན་གྱི་སྐད་ཡིག་དང་དེ་བཞིན་སྐད་ཡིག་ཨང་གཉིས་པ་ཡིན་པའི་དབྱིན་ཇིའི་སྐད་ཡིག་ནི་ངེས་པར་དུ་སྦྱོང་དགོས་པ་ཞིག་ཡིན་པ་དང་སློབ་མས་ད་དུང་སྐད་ཡིག་ཨང་གསུམ་པ་ཞིག་བདམས་ནས་སློབ་སྦྱོང་བྱེད་ཆོག སི་ཕེན་གྱི་སྐད་ཡིག་གིས་ཕྱི་སྐད་མང་པོའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡང་ད་ཕན་ལོ་ཤས་ནང་རྒྱའི་སྐད་ཡིག་ལ་སུའེ་ཏེན་གྱི་སློབ་འབྲིང་སློབ་མ་ཚོས་དགའ་པོ་བྱེད་ཀྱི་ཡོད།
         གསར་འགོད་པ་སི་ཐོག་ཁོར་མོར་གནས་པའི་སོ་ཏེ་ལ་ཏིང་མཐོ་རིམ་སློབ་འབྲིང་དུ་བསྐྱོད་པ་ཡིན། རྒྱ་ཡིག་ཁྲིད་མཁན་དགེ་རྒན་ཨན་ནའེ་ཐེ·ལའར་སུང་ལོ་ན་ཆུང་དུས་རྒྱ་ཡིག་དང་དེ་བཞིན་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད་པ་དང་འབྲེལ་ཀྲུང་གོའི་ནན་ཅིང་དུ་ལོ་མང་འཚོ་བ་བསྐྱལ་མྱོང་བས་རྒྱ་སྐད་ཆུ་རྒྱུག་རྒྱུག་ཤོད་ཀྱི་ཡོད། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར“ངའི་བསམ་པར་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན། འོན་ཀྱང་རྒྱ་ཡིག་སློབ་ཁྲིད་བྱ་རྒྱུ་ནི་གནས་ཚུལ་གཞན་ཞིག་རེད། སྐད་ཡིག་དེ་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན་སྦྱོང་དཀའ་བ་ཞིག་ཡིན། ལྷག་པར་དུ་རྒྱ་ཡིག་འབྲི་བ་དང་ཤེས་པ་བྱེད་སྐབས་དེ་ཕ་སྐད་དང་རྦད་དེ་ལོགས་བཀར་དང་རིག་གནས་དང་ཡུལ་བབ་དབར་མི་འདྲ་བའི་ཆ་མང་པོ་ཡོད”ཅེས་བཤད། སློབ་ཁྲིད་བྱེད་སྐབས་ཨན་ནའེ་ཐེས་རྒྱ་ཡིག་གི་ཐོག་ནས་སློབ་ཚན་འཁྲིད་པ་དང་དགོས་ངེས་སྐབས་སུའེ་ཏེན་གྱི་སྐད་ཡིག་སྤྱད་དེ་སློབ་མ་ཚོ་དང་གླེང་མོལ་བྱེད་ཀྱི་ཡོད། སློབ་མ་ཚོས་སློབ་དེབ་ནང་གི་སུའེ་ཏེན་སྐད་ཡིག་རྒྱ་ཡིག་ཏུ་སྒྱུར་དགོས་པ་དང་ད་དུང་སློབ་ཚན་རྗེས་མར་དཔོད་བྲིས་གཏོང་བའི་ནང་དོན་གྲ་སྒྲིག་ཀྱང་བྱེད་དགོས་ཀྱི་ཡོད།
         ཡེ་ཝ·ལུའོ་སའེ་ཡི་ངོ་སྤྲོད་ལ་གཞིགས་ན། ལོ་དགུའི་འོས་འགན་སློབ་གསོར་སྤྱིར་ན་ཐོག་མའི་རིམ་པ་གཉིས་ཕྱེ་ཡོད་པ་དང་མཐོ་རིམ་སློབ་འབྲིང་ལ་རིམ་པ་7ཕྱེ་ཡོད། ལོ་དགུའི་འོས་འགན་སློབ་གསོའི་ནང་རིམ་པ་གཉིས་ལེགས་སྒྲུབ་བྱུང་བའི་སློབ་མས་མཐོ་རིམ་སློབ་འབྲིང་དུ་ཐད་ཀར་དུས་མཚམས་གསུམ་པ་ནས་སློབ་སྦྱོང་བྱེད་ཆོག 2011ལོར་སྐབས་དེར་སུའེ་ཏེན་སློབ་གསོའི་བློན་ཆེན་ཡིན་པའི་ཡང་·པི་གཡོད་ཁེ་ལུང་ཏེས་ས་གནས་དེ་གའི་སྨྱན་སྦྱོར་ལ་རྒྱ་ཡིག་སློབ་ཚན་འཛུགས་པ་དེས་སུའེ་ཏེན་གྱི་མི་རབས་རྗེས་མའི་མི་རིགས་ཀྱི་འགྲན་ནུས་གོང་མཐོར་གཏོང་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ལྡན་པ་དང་སློབ་མའི་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་དེ་ཡོ་རོབ་ནས་ཨེ་ཤེ་ཡའི་ཕྱོགས་སུ་འགྱུར་དགོས་ཞེས་བཤད་མྱོང་།
         ཡེ་ཝ·ལུའོ་སའེ་ཡིས་ཤར་ཕྱོགས་ཀྱི་སྐད་ཡིག་དེ་དེ་བས་མགྱོགས་པ་དང་ལེགས་པའི་སྒོ་ནས་འཚམ་པ་བྱ་ཆེད། སུའེ་ཏེན་སློབ་གསོ་སྤྱི་ཁྱབ་ཧྲུའུ་ཡིས་སློབ་ཁྲིད་རྩ་གནད་རྒྱུན་ཆད་མེད་པར་གསར་བརྗེས་དང་བཅོས་སྒྲིག་བྱས་ནས་སློབ་གསོའི་ལམ་ལུགས་ཀྱིས་རྒྱ་སྐད་སློབ་ཁྲིད་ལ་དེ་བས་ལེགས་པའི་སྒོ་ནས་གཞོགས་འདེགས་བྱས་ཡོད། 2014ལོའི་སྟོན་དུས་ཀྱི་སློབ་ཁྲིད་རྩ་གནད་གསར་པའི་ནང་རྒྱ་སྐད་དེ་སྐད་ཡིག་གཞན་དང་འདྲ་བར་རིམ་པ་གཅིག་མཚུངས་ཀྱི་གནས་བབ་ལོངས་སུ་སྤྱོད་ཆོག་པ་དང་དེའི་སློབ་སྦྱོང་ལ་རིམ་པ་བདུན་ཕྱེ་བ་དང་རིམ་པ་རེའི་ཉན་བཤད་བྲིས་ཐད་སློབ་སྦྱོང་གི་དམིགས་ཚད་དང་སློབ་ཁྲིད་ཀྱི་དམིགས་ཚད་ཁ་གསལ་བཏོན་ཡོད་ཅེས་བཤད།
         སློབ་ཁྲིད་རྩ་གནད་གསར་པའི་བླང་བྱར་གཞིགས་ན། ཁ་སྐད་དང་ཉན་ནུས་ཐད། སྟབས་བདེའི་ངང་བརྗོད་ན། ལོ་རིམ་རིམ་པ་གོང་མ་གཉིས་ཀྱི་སློབ་མས་གནས་སྐབས་མི་འདྲ་བར་གླེང་མོ་ཐུང་ངུ་གོ་བརྡ་འཕྲོད་ཐུབ་པ་དང་དུས་མཚུངས་ཀྲུང་གོའི་རྒྱུན་གཏན་གྱི་འཚོ་བ་དང་། ཁྱིམ་ཚང་གི་འབྲེལ་བ། གཞི་རྩའི་གུས་གསོལ་སོགས་ལ་སྤྱིར་བཏང་ཐོག་ནས་རྒྱུས་མངའ་ཡོད་པ་དང་། དངོས་སུ་སྦྱངས་རྗེས་རིམ་པ་གསུམ་པ་བཞི་པར་ཁ་སྐད་གོང་མཐོར་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་ཉན་པའི་སྐད་ཆ་རིང་པོར་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་སྙིང་བསྡུས་བྱེད་པ། རིམ་པ་ལྔ་དྲུག་པའི་དུས་མཚམས་གཉིས་སུ་སློབ་མས་གྲོས་བསྡུར་དང་། རྩོད་གླེང་། དེ་བཞིན་གཏམ་བཤད་སོགས་ཁ་སྐད་བཀོལ་སྤྱོད་ནུས་པ་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པ། རིམ་པ་བདུན་པར་སྤྱི་ཚོགས་ཀྱི་འབྲེལ་བ་དང་། རིག་གནས་ཀྱི་གོ་བ། དེ་བཞིན་ཡུལ་སྐད་འགའ་ཞིག་གི་ངོ་སྤྲོད་བཅས་ལ་མཐོང་ཆེན་བྱེད་ཀྱི་ཡོད། རྒྱ་ཡིག་དེ་སྐད་ཡིག་གཞན་དང་མི་འདྲ་བར་གསལ་བྱེད་ཀྱིས་མཚོན་ཐབས་བྲལ་བར་བརྟེན་སློབ་མ་ཚོས་ཁ་སྐད་དེ་བས་སྦྱོང་བདེ་བ་ཡོད། འོན་ཀྱང་ཡིག་གཟུགས་དང་ཀློག་བརྡར་ལ་ཁག་ཙམ་བྱེད་ཀྱི་ཡོད། དང་ཐོག་གང་འདྲ་བྱས་ཏེ་རྒྱ་ཡིག་ཐོག་ནས་འཕྲིན་ཐུང་བསྐུར་བ་དང་སྟབས་བདེའི་གླེང་མོ་ཤེས་པ་ནས་མཐར་རྒྱ་ཡིག་གི་རྩོམ་ཡིག་བཀླགས་ཤེས་པ་དང་འབྲི་ཤེས་པའི་བར། སློབ་ཁྲིད་རྩ་གནད་གསར་པའི་ནང་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་སྤྱད་དེ་སློབ་མར་རོགས་རམ་བྱེད་དགོས་པའི་ནན་བཤད་བྱས་པ་དཔེར་ན། བར་འཇུག་རི་མོ་དང་། སྒྲ་སྦྱོར་སྒྲ་འཇུག གློག་རྡུལ་ཚིག་མཛོད། དེ་བཞིན་གློག་བརྙན་དང་། རོལ་དབྱངས། བརྙན་ལམ་སོགས་རེད།
         “རྒྱ་སྐད་དེ་འཕེལ་ཕྱོགས་ཤིག་ཏུ་འགྱུར་ནས་སློབ་མ་དེ་བས་མང་བས་སློབ་སྦྱོང་བྱེད་སྲིད། ངས་སློབ་མ་དེ་བས་མང་བར་བསླབ་རྒྱུ་བྱུང་ན་བསམ་གྱི་འདུག གང་ཡིན་ཞེ་ན་དེས་གྲོས་བསྡུར་བྱ་རྒྱུར་ཕན་ཐོགས་ཡོད”ཅེས་རྒན་ཨན་ནའེ་ཐེས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།