འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སུན་ཁྲུན་ལན་གྱིས་2018ལོའི་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་གནང་སྐབས་
    ནན་བཤད་གནང་དོན་མཐོ་རྒྱུགས་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་
    གྱིས་འདྲ་མཉམ་དང་དྲང་གཞག་སྲུང་སྐྱོང་ཏན་ཏིག་བྱེད་དགོས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། མཐོ་རྒྱུགས་གཏོང་ལ་ཉེ་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་སུ་2018ལོའི་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་གནང་བར་ཕེབས་ཤིང་། ཁོང་གིས་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ལས་དོན་བཀོད་འདོམས་མ་ལག་ནས་འབྲེལ་ཡོད་ས་གནས་ཀྱི་རྒྱུགས་ར་དང་། རྒྱུགས་ཤོག་ཉར་ཚགས། བགོ་སྤྲོད་བྱ་ཡུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། མཐོ་རྒྱུགས་རིང་གི་སྡོད་བྱའི་ལས་དོན་པར་གཟིགས་པ། རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་དགེ་རྒན་དང་སློབ་མ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། མཐོ་རྒྱུགས་ཕྱིར་ཞབས་ཞུ་འགན་ལེན་བྱེད་བཞིན་པའི་ཕྱོགས་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་རེད།
          སུན་ཁྲུན་ལན་གྱིས་མཐོ་རྒྱུགས་ནི་སློབ་གསོ་འདྲ་མཉམ་དང་ལྷག་པར་དུ་སྤྱི་ཚོགས་འདྲ་མཉམ་ཡོང་བར་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་ཞིང་། དེས་རྒྱལ་ཁབ་ཆེད་ཤེས་ལྡན་པ་ལེགས་འདེམས་དང་གསོ་སྐྱོང་གི་འགན་འཁྲི་འགངས་ཆེན་ཁུར་བཞིན་ཡོད། ཏང་ཀྲུང་དབྱང་གིས་མཐོ་རྒྱུགས་ལས་དོན་ལ་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཤེས་ལྡན་པ་ལེགས་འདེམས་དང་གསོ་སྐྱོང་ཁྲོད་ཀྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་མཐོ་རྒྱུགས་སློབ་བསྡུའི་ལམ་ལུགས་འཛུགས་པ་བཅས་བྱས་ནས་སློབ་མ་འཚར་ལོངས་དང་། རྒྱལ་ཁབ་ཀྱི་ཤེས་ལྡན་པ་ལེགས་འདེམས། སྤྱི་ཚོགས་འདྲ་མཉམ་བཅས་ཐད་ཀྱི་མཐོ་རྒྱུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན་གནང་བ་རེད།
         སུན་ཁྲུན་ལན་གྱིས་2014ལོར་བྱེད་འགོ་ཚུགས་པའི་རེས་སྐོར་གསར་པའི་ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་ཕན་འབྲས་བཟང་པོ་ཐོན་ཡོད། མིག་སྔར“བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་རྒྱུར་ཕན་པ་དང་། སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་ལྡན་པ་འདེམས་རྒྱུར་ཕན་པ”བཅས་ཀྱི་སྒྱུར་བཅོས་བྱེད་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། “སྐར་གྲངས་ཁོ་ན་གླེང་བ”དང“རྒྱུགས་སྤྲོད་སློབ་གསོ”སོགས་ཚུར་སྣང་ལན་ཆ་ཆེ་བའི་སྤྱི་ཚོགས་ཐོག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། སྤྱོད་བཟང་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྐྱོང་གི་གཞི་རྩའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཡིག་རྒྱུགས་ཀྱི་ནང་དོན་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་དམན་དང་འཇོན་ཐང་ཆེ་ཆུང་ལ་བརྟག་ཞིབ་བྱ་རྒྱུ་འབུར་དུ་ཐོན་པར་བྱེད་པ་བཅས་བྱས་ཏེ་མཐོ་རྒྱུགས་ཀྱི་ཕྱོགས་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་བྱེད་ཁོངས་སུ་གཏོགས་པའི་ཞིང་ཆེན་གྱི་གཞི་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་རིགས་དབྱེའི་ཡིག་རྒྱུགས་དང་། ཕྱོགས་བསྡུས་གདེང་འཇོག སྣ་མང་བསྡུ་ལེན་བཅས་ཀྱི་ཡིག་རྒྱུགས་སློབ་བསྡུ་བྱེད་ཐབས་རིམ་བཞིན་ཆགས་པར་བྱས་ནས་སློབ་མ་རྣམས་ཕྱོགས་ཡོངས་དང་རང་སོའི་ཁྱད་ཆོས་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         སུན་ཁྲུན་ལན་གྱིས་མཐོ་རྒྱུགས་ཀྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ་མཐོ་རྒྱུགས་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཡིག་རྒྱུགས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་སྐྲུན་པ་དང་། རྒྱུགས་ཤོག་དང་རྒྱུགས་རའི་བདེ་འཇགས་འགན་ལེན་བྱེད་པ། རྒྱུགས་སྲོལ་དང་རྒྱུགས་ཁྲིམས་ནན་གྱིས་བཅོས་སྒྲིག་བྱེད་པ་བཅས་བྱས་ཏེ་ཚན་རྩལ་མཐོ་པོར་བརྟེན་ནས་ཡིག་རྒྱུགས་རྐུ་བཤུ་བྱེད་པ་དང་མཉམ་སྡེབ་ངང་ཡིག་རྒྱུགས་རྐུ་བཤུ་བྱེད་པ་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། འདི་ནི་མཐོ་རྒྱུགས་སྒྲིག་འཛུགས་ལས་དོན་གྱི་མཐའ་ཚད་ཡིན་པས་ངེས་པར་དུ་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་དགོས། དེ་དང་ཆབས་ཅིག་འགྲིམ་འགྲུལ་འགྲོ་སྐྱོད་དང་། བདེ་འཇགས་དོ་དམ། འཕྲོད་བསྟེན་ནད་ཡམས་སྔོན་འགོག ཚ་འགོག་དྲོད་གཅོག་སོགས་ཐད། ཞབས་ཞུ་ལེགས་སུ་གཏོང་བ་དང་ཕྱོགས་བསྡུས་འགན་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བློ་བདེ་བག་ཕེབས་ཀྱི་ཡིག་རྒྱུགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས་ཞེས་བསྟན་གནང་བ་རེད། ཁོང་གིས་ད་དུང་མཐོ་རྒྱུགས་ཀྱི་རྒྱུགས་བཅོས་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་། སློབ་བསྡུའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སློབ་བསྡུའི་ལས་དོན་འདྲ་མཉམ་དྲང་གཞག་ཡོང་བའི་འགན་ལེན་བྱེད་པ་བཅས་བྱས་ཏེ་རྒྱུགས་སྤྲོད་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་བློ་བདེ་པོ་ཡོང་བར་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།