འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཅིང་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་དེས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གོང་
    འཕེལ་ཡོང་བར་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ལ་ཕེབས་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་དེས་ཀྲུང་གོ་དང་ཨུ་རུ་སུ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་ཆེན་པོ་ཞིག་བསྣན་རྒྱུ་རེད་ཅེས་བརྗོད་པ་རེད།
          དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཧྭ་ཁྲུན་ཡིང་གིས་ཙུང་ཐུང་ཕུའུ་ཅིང་ད་རེས་འཚམས་འདྲིར་ཕེབས་རྒྱུ་ནི་ཁོང་གིས་སྐབས་གསར་པའི་ཙུང་ཐུང་གི་འགན་བཞེས་རྗེས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐེངས་དང་པོ་ཡིན་ལ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འདི་ལོའི་ལོ་འཁོར་ནང་གི་མཇལ་འཛོམས་གནང་ཐེངས་དང་པོ་དེའང་ཡིན་པས་ཀྲུང་གོ་དང་ཨུ་རུ་སུ་དབར་གྱི་འབྲེལ་བ་གོང་འཕེལ་ཡོང་བའི་འཆར་གཞི་འདིང་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་མ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
          “འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་དང་ཁྱབ་ཁོངས་ཆེ་ཆུང་མི་འདྲ་བའི་གྲོས་མོལ་གནང་རྒྱུ་མ་ཟད། ལྷན་དུ་གསར་འགོད་པ་དང་ཐུག་འཕྲད་གནང་བ་དང་མཚན་རྟགས་འགོད་པའི་མཛད་སྒོ་དང་ཕེབས་བསུའི་སྟོན་མོ་སོགས་ལ་ཞུགས་ནས་ཀྲུང་གོ་དང་ཨུ་རུ་སུ་དབར་གྱི་འབྲེལ་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་རྒྱུ་རེད”ཅེས་ཧྭ་ཁྲུན་ཡིང་གིས་བརྗོད་པ་རེད།
          རྒྱུན་སྲོལ་ལྟར་ན། ཕྱོགས་གཉིས་པོས་ཆབ་སྲིད་ཀྱི་ཡིག་ཆ་གལ་ཆེན་བཏོན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་གྲོས་མཐུན་རབ་དང་རིམ་པར་མཚན་རྟགས་འགོད་རྒྱུ་རེད། རྒྱལ་དོན་འཚམས་འདྲིའི་དངོས་གཞིའི་བྱེད་སྒོ་ཕུད་འཚམས་འདྲི་གནང་རིང་ད་དུང་བཀྲག་མདངས་འཚེར་ས་མང་པོ་ཡོད་པ་དཔེར་ན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཀྲུང་གོ་དང་ཨུ་རུ་སུ་དབར་གྱི་འབྲེལ་ཡོད་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བྱེད་སྒོར་ཞུགས་ཏེ་སྔར་བས་བག་ཕེབས་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་སྤེལ་རེས་གཏིང་ཟབ་གནང་རྒྱུ་རེད།
          “ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཙུང་ཐུང་ཕུའུ་ཅིང་གི་ད་རེས་ཀྱི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་ཡོང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སུ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་ཆེན་པོ་ཞིག་བསྣན་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།