འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་བསྐྱར་སྐྲུན་གྱི་འགན་འཁུར་བའི་ཕ་ཕུ་ཡ་ཀུའི་ནེ་ཡའི་ཀོ་ལུའོ་ཁ་གནམ་
    ཐང་ལས་གཉེར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་རིམ་སྤོར་སྒྱུར་བཀོད་ཀྱི་འགན་འཁུར་བའི་ཕ་ཕུ་ཡ་ཀུའི་ནེ་ཡའི་ཀོ་ལུའོ་ཁ་གནམ་ཐང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད། བསྐྱར་སྐྲུན་བྱས་རྗེས་ཀྱི་གནམ་ཐང་ཁྱོན་ཡོངས་ཀྱི་སྐྱེལ་འདྲེན་བྱེད་ཤུགས་རིམ་འཕར་བྱུང་བ་དེས་རྒྱལ་ཁབ་དེའི་ཤར་རྒྱུད་ཀྱི་མཐོ་སའི་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་དང་ལྷག་པར་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད།
          ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་ཨའོ་ཉིར་གྱིས་ཉིན་དེར་འཚོགས་པའི་རྟེན་འབྲེལ་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས་ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚོགས་པའི་ལྷོ་ཞི་བདེ་རྒྱ་མཚོའི་ཀུང་སིས་ཕ་ཕུ་ཡ་ཀུའི་ནེ་ཡར་སྐྲུན་འགན་འཁུར་བའི་གནམ་ཐང་གསུམ་པོ་ཚང་མ་ནི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པས་ཕ་ཕུ་ཡ་ཀུའི་ནེ་ཡའི་གནམ་ཐང་འཛུགས་སྐྲུན་གྱི་ཚད་གཞི་ཆེས་ཆེར་མཐོ་རུ་ཕྱིན་ཏེ་ཕ་ཕུ་ཡ་ཀུའི་ནེ་ཡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་སྟབས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ལ་ཕ་ཕུ་ཡ་ཀུའི་ནེ་ཡས་སློབ་སྦྱོང་བྱེད་འོས་པ་ཞིག་རེད་ཅེས་བརྗོད་པ་རེད།
         ཀོ་ལུའོ་ཁ་གནམ་ཐང་དེ་ཕ་ཕུ་ཡ་ཀུའི་ནེ་ཡའི་ཤར་རྒྱུད་ཀྱི་མཐོ་སའི་ཞིང་ཆེན་གྱི་ལྟེ་གནས་སུ་གནས་པ་དང་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་གྲས་ཨང་གཉིས་པ་ལའེ་ཁྲེང་དང་ཐག་ཉེ་པོ་ཡོད་པ་རེད། ཞིང་ཆེན་དེ་དང་མཐོ་སའི་ས་ཁུལ་ཕུད་པའི་ཞིང་ཆེན་གྱི་འགྲིམ་འགྲུལ་གཙོ་བོ་ནི་མཁའ་འགྲུལ་གཙོ་བོར་བྱེད་པ་དང་ཀོ་ལུའོ་ཁ་གནམ་ཐང་ནི་ཞིང་ཆེན་ནང་ཁོངས་ཀྱི་གནམ་ཐང་གཅིག་པུ་དེ་རེད། ཤར་རྒྱུད་ཀྱི་མཐོ་སའི་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྔར་ཡོད་གནམ་ཐང་གི་སྐྱེལ་འདྲེན་བྱེད་ནུས་ཀྱིས་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་མེད་པ་རེད།
         དེར་བརྟེན་ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚོགས་པའི་ལྷོ་ཞི་བདེ་རྒྱ་མཚོ་ཀུང་སིར་ཕ་ཕུ་ཡ་ཀུའི་ནེ་ཡའི་རྒྱལ་ཁབ་གནམ་ཐང་ཚོགས་པའི་མངགས་བཅོལ་ཐོབ་ནས་གནམ་ཐང་ལ་རིམ་སྤོར་སྒྱུར་བཀོད་བྱས་པའི་ནང་སྤྱི་ལེ་1.9ཡོད་པའི་རྒྱུག་ཐང་གཙོ་བོ་གསར་སྐྲུན་དང་། བཤུད་བགྲོད་ལམ་བུ་གསར་སྐྲུན། གནམ་ཐང་གི་གནམ་གྲུ་འབབ་ས་དང་དེ་བཞིན་གནམ་ཐང་བབས་ཚུགས་ཀྱི་ཐོག་ཁང་སོགས་རྣམ་གྲངས་ཚུད་ཡོད་པ་རེད། སྒྱུར་བཀོད་བྱས་རྗེས་ཀྱི་ཀོ་ལུའོ་ཁ་གནམ་ཐང་ནི་ཕ་ཕུ་ཡ་ཀུའི་ནེ་ཡའི་མཐོ་སའི་ས་ཁུལ་གྱི་དེང་རབས་ཅན་གྱི་གནམ་ཐང་ཨང་གཉིས་པ་དེ་རེད། གནམ་ཐང་བབས་ཚུགས་ཀྱི་ཐོག་ཁང་གསར་པ་ལྷ་བྱའི་དབྱིབས་ལྟར་འཆར་འགོད་བྱས་པ་དང་ཁྱོན་ཐོག་སོ་3ཡོད་པ་དང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་3500ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།