འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་དུ་རྟེན་རྫས་བཤམས་
    མཛོད་ཁང་འཛུགས་སྐྲུན་བྱས་ནས་དམངས་སྲོལ་རྒྱུན་རྣམ་ཅན་དུ་འགྲེམས་སྟོན་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་དུ་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ས་གནས་དེ་གས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་སྐུ་འབུམ་དགོན་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་དེ་བཞིན་མཚོ་སྔོན་ཞིང་ཆེན་རྨ་ཙོང་ཆུ་བོའི་འབབ་རྒྱུད་ཀྱི་རིག་གནས་ (河湟文化)འགྲེམས་སྟོན་བརྗོད་བྱ་གཙོ་བོར་བྱེད་པའི་རྟེན་རྫས་བཤམས་མཛོད་ཁང་གི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་ཟིན་པ་དང་། ད་ཆ་ད་དུང་མཚོ་སྔོན་གྱི་དམངས་སྲོལ་རིག་གནས་སྣ་མང་རྒྱུན་རྣམ་ཅན་དུ་འགྲེམས་སྟོན་ཐོག་མ་བྱ་རྒྱུ་རེད། 
        སྐུ་འབུམ་དགོན་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་འབྱུང་ཁུངས་དང་། དགེ་ལུགས་པའི་སྲོལ་འབྱེད་མཁན"རྒྱལ་བ་གཉིས་པ"རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཡིན་ལ། མཚོ་སྔོན་ཞིང་ཆེན་རིམ་པ་5Aཡི་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཀྱང་ཡིན་ཞིང་། དེ་རུ་མར་རྒྱན་དང་འཚེམ་དྲུབ། ལྡེབས་རིས་བཅས་ལ་སྐུ་འབུམ་དགོན་གྱི"རྩེ་སོན་པའི་བོད་ཀྱི་ལག་རྩལ་གསུམ"ཞེས་འབོད་ཀྱི་ཡོད་པ་རེད། 
         མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་ཅུས་ཀྱི་འགོ་འཛིན་ལི་ཡུས་ཧྲོའུ་ཡིས་ངོ་སྤྲོད་བྱས་པ་སྟེ། ད་སྐབས་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ལོ་རྒྱུས་ཀྱིས་འགྲེམས་སྟོན་ནང་དོན་བྱེད་པའི་མཚོ་སྔོན་ཞིང་ཆེན་བོད་ཀྱི་རིག་གནས་ཁང་དང་། མཚོ་སྔོན་ཞིང་ཆེན་རྨ་ཙོང་ཆུ་བོའི་འབབ་རྒྱུད་(རྨ་ཆུ་དང་དེའི་ཡན་ལག་ཆུ་བོ་ཙོང་ཆུའི་འབབ་རྒྱུད་)ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན་བྱེད་པའི་རྨ་ཙོང་ཆུ་བོའི་འབབ་རྒྱུད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ཞིབ་བྱེད་རྒྱུ་བརྗོད་བྱ་གཙོ་བོ་བྱེད་པའི་པདྨ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཉམས་ཞིབ་ལྟེ་གནས། སང་ལོར་འཛུགས་སྐྲུན་མཇུག་བསྒྲིལ་རྒྱུ་ཡིན་པའི་སྐུ་འབུམ་དགོན་གྱི་རིག་དངོས་སྲུང་སྐྱོང་དང་འགྲེམས་སྟོན་ལྟེ་གནས་བཅས་ཐུན་མོང་དུ་འཛུགས་སྐྲུན་བྱེད་པའི་སྐུ་འབུམ་དགོན་ལྟེ་བར་གྱུར་པའི་རྟེན་རྫས་བཤམས་མཛོད་ཁང་ཚོགས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་ཟིན་པ་རེད་ཅེས་བཤད་པ་རེད། 
          ལི་ཡུས་ཧྲོའུ་ཡིས་སྐུ་འབུམ་དགོན་དུ་རྩ་ཆེན་གསོག་ཉར་དངོས་རྫས་ཧ་ལམ་ཁྲི་10ལྷག་ཡོད་ལ། མ་འོངས་པར་རྩ་ཆེན་གསོག་ཉར་དངོས་རྫས་ཁ་ཤས་ནི་སྐུ་འབུམ་དགོན་གྱི་རིག་དངོས་སྲུང་སྐྱོང་དང་འགྲེམས་སྟོན་ལྟེ་གནས་སུ་འགྲེམས་སྟོན་དང་ཉར་ཚགས་བྱེད་རྒྱུ་ཡིན་པ་དང་། པདྨ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཉམས་ཞིབ་ལྟེ་གནས་སུ་དམངས་ཁྲོད་སྒྱུ་རྩལ་པ་བཅའ་སྡོད་བྱས་པ་བརྒྱུད། དངུལ་ཟངས་ཀྱི་ཆས་དང་། ལྡེབས་རིས། ཐང་ག དར་རྒྱན་སྤྲས་གོས། བོད་ཀྱི་ཚེམས་དྲུབ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བོད་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཉམས་ཞིབ་དང་འགྲེམས་སྟོན་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།