འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བགྲེས་སོང་བསྟན་འཛིན་དང་ཁོང་གི་ཁྱིམ་ཚང་སྨན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཁྱིམ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་སྡེ་ཁུལ་དུ་ཡོད་པའི་བགྲེས་སོང་བསྟན་འཛིན་གྱིས་ཞོགས་པ་སྔ་པོ་ནས་ཁྱིམ་དུ་ལོ་ཚད་ཧེ་བག་ཆེ་བའི་གྲོགས་པོ་སྟེ་དར་དམར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལོ་32ལ་སླེབས་པའི་ཀྲུའུ་རེན་བཀྲ་ཤིས་ནོར་བུ་བསུས། ཁྱིམ་ཚང་སྨན་པ་ཡིན་པའི་ངོས་ནས་བཀྲ་ཤིས་ནོར་བུས་དེ་ཉིན་བགྲེས་སོང་ལ་ཁྱིམ་དུ་གསེར་ཁབ་དང་རྐང་ལུམས་རྒྱག་བཞིན་ཡོད།
         ལོ་73ལ་སླེབས་པའི་བསྟན་འཛིན་གྱིས་རང་ཉིད་དང་སྨན་པ་ཞིག་གྲོགས་པོར་གྱུར་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད།
         “ང་ཆུང་དུས་གཟུགས་པོ་ཐང་པོ་ཡོད། ན་ཡོང་གཏན་ནས་བསམ་མྱོང་མེད”མ་གཞི་ལོ་མཐོ་པོར་སླེབས་རུང་གཤིས་ཀ་ཡག་པའི་བསྟན་འཛིན་གྱི་གཟུགས་པོ་འདྲོང་ལ་སྟོབས་ཆེན་པོ་ཞིག་ཡོད། བཀྲ་ཤིས་ནོར་བུས་ཐོག་མར་བགྲེས་སོང་གི་ཁྱིམ་དུ་གཟུགས་པོར་བརྟག་དཔྱད་བྱེད་ཞོར་དུ་ཁྱིམ་ཚང་སྨན་པའི་སྲིད་ཇུས་ངོ་སྤྲོད་བྱེད་སྐབས་བགྲེས་སོང་གིས“ང་ལ་ནད་གཞི་གང་ཡང་མེད་པས་ཁྱེད་ཚོ་འདི་གར་ཡོང་ནས་གང་བྱ་རྒྱུ་ཡིན”ཞེས་ཤོད་ཀྱི་ཡོད།
         ན་ནིང་གློ་བུར་དུ་བགྲེས་སོང་ལ་གྲིབ་སྐྱོན་ཕོག་ནས་རྐང་པ་ཡ་གཅིག་ཞ་ཁུམ་དུ་གྱུར་པ་དང་འགྲམ་པ་གཞོགས་གཅིག་རྦད་དེ་འཁུམས་ནས་རྟག་ཏུ་ཁ་ཆུ་གློད་ཀྱི་ཡོད།
         “སྡེ་ཁུལ་དུ་བསྟན་འཛིན་དང་འདྲ་བའི་ནད་པ་150ལྷག་ཙམ་ཡོད་པ་དག་ལ་ནད་གཞི་ཚབས་ཆེན་ཕོག་པའམ་ཡང་ན་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་པས་སྡེ་ཁུལ་དུ་ལོག་ནས་ཡུན་རིང་ལུས་གསོ་བྱེད་དགོས་ཀྱི་ཡོད”ཅེས་བཀྲ་ཤིས་ནོར་བུས་བསྟན་འཛིན་གྱི་ཁྱིམ་དུ་སྨན་བཅོས་སྒྲིག་ཆས་གྲ་སྒྲིག་བྱེད་ཞོར་དུ་གསར་འགོད་པར་ངོ་སྤྲོད་བྱས།
         བསྟན་འཛིན་ནི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་དམིགས་བསལ་ཐུགས་ཁུར་བྱ་ཡུལ་ཡིན་ཞིང་། འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ལོ་ལྟར་སྡེ་ཁུལ་གྱི་གྲོང་མིའི་གཟུགས་པོར་བརྟག་དཔྱད་བྱས་ནས་གྲོང་མིའི་བདེ་ཐང་གནས་ཚུལ་གློག་རྡུལ་ཡིག་ཚགས་ནང་བཅུག་སྟེ་གཅོང་ནད་ཕོག་མཁན་དང་། ལོ་65ཡན་གྱི་རྒན་རྒོན། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་སྐྱེད་མ་སོགས་ཀྱི་མི་ཚོགས་ལ་གཙོ་གནད་དོ་ཁུར་བྱེད་ཀྱི་ཡོད། ན་ནིང་ལྟེ་གནས་ཀྱིས་དར་དམར་སྡེ་ཁུལ་དང་ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་870ཡི་དབར་ཁྱིམ་ཚང་སྨན་པའི་ཞབས་ཞུའི་གྲོས་མཐུན་ཡི་གེ་བཞག་པས་གྲོང་མི་ཚང་མར་ཆེད་མངགས་ཀྱི་སྨན་བཅོས་བདེ་ཐང་ཞབས་ཞུའི་རུ་ཁག་ཡོད་པ་རེད། བསྟན་འཛིན་གྱི་གཟུགས་པོའི་གནས་ཚུལ་བཀྲ་ཤིས་ནོར་བུས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད།
         བགྲེས་སོང་བསྟན་འཛིན་གྱིས“ང་ལོ་མཐོ་པོ་ཡིན་པས་སྐད་ཆ་ཚིག་རྩུབ་པོ་འགྲོ་ས་མི་འདུག གཞན་གྱིས་ཚིག་རྩུབ་སྨྲ་སྐབས་ལུས་པོ་ན་ཟུག་གིས་མནར་གྱི་འདུག”ཅེས་བཤད་ཅིང་། ཁོང་གིས“སྨན་པ་བཀྲ་ཤིས་ཀྱི་རྣམ་འགྱུར་ཡག་པ་མ་ཟད། སྐད་ཆ་བཤད་པ་གནད་ལུགས་ཡོད་པ་ཤ་སྟག་ཡིན་པས་ཉན་འདོད་འདུག”ཅེས་བཤད།
         “ཁྱིམ་ཚང་སྨན་པའི་ལས་ཀ་བྱེད་སྟངས་གཞུང་བཙུགས་སྨན་ཁང་དང་མི་འདྲ་ཡང་ངས་བྱས་ན་རང་ཉིད་ཀྱིས་སྒྲུབ་པའི་ལས་ཀར་དོན་སྙིང་ལྡན་ཡོད་ཅེས་སྙམ་གྱི་འདུག”ཅེས་བཤད་ཅིང་། ཁོང་གིས“མང་ཚོགས་མང་པོ་ཞིག་གིས་ང་ཡོད་པས་ཁོང་ཚོ་ཐག་རིང་གི་སྨན་ཁང་ཆེན་པོར་འགྲོ་དོན་མི་འདུག ངས་བྱས་ན་ང་རང་ཁོང་ཚོའི‘བདེ་སྲུང་བ’ལྟ་བུ་རེད་སྙམ་གྱི་འདུག”ཅེས་ལམ་བར་དུ་བཤད་བྱུང་།
          བོད་དུ་བཀྲ་ཤིས་ནོར་བུ་འདྲ་བའི་ཁྱིམ་ཚང་སྨན་པས་མང་ཚོགས་ཀྱི་བདེ་ཐང་སྲུང་བཞིན་ཡོད། 2016ལོར་བོད་ཀྱིས་ལྷ་ས་གྲོང་ཁྱེར་དང་གཞིར་རྩེ་གྲོང་ཁྱེར་གྱི་རྣམ་གླིང་རྫོང་དུ་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཚོད་ལྟ་བྱས་པ་རེད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་དང་གན་རྒྱ་འཇོག་ཚད་92%ལྷག་ཙམ་ཟིན་ཡོད། 2017ལོར་བོད་ཀྱི་གན་རྒྱ་འཇོག་པའི་ཚོད་ལྟའི་ལས་དོན་ས་ཁུལ་དང་གྲོང་ཁྱེར་གཉིས་སུ་སླར་ཡང་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།