འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འདམ་གཞུང་རྫོང་མཁར་གྱི་མཁའ་དབྱིངས་སུ་མཐོང་དཀོན་པའི་ངོ་མཚར་ཆེ་བའི་
    རླུང་འཁོར་དྲག་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་འདམ་གཞུང་རྫོང་མཁར་གྱི་མཁའ་དབྱིངས་སུ་མཐོང་དཀོན་པའི་ངོ་མཚར་ཆེ་བའི་
རླུང་འཁོར་དྲག་པོ་བྱུང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན། བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་རིག་པའི་ཆེད་མཁས་པ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས། ཟླ་7ཚེས་1ཉིན་གྱི་ཕྱི་དྲོར་བོད་ལྗོངས་འདམ་གཞུང་རྫོང་མཁར་གྱི་མཁའ་དབྱིངས་སུ་ས་གནས་དེ་གའི་མང་ཚོགས་ཀྱིས"འབྲུག་གིས་ཆུ་འཇིབ"ཟེར་བའི་ངོ་མཚར་སྣང་ཚུལ་ཞིག་བྱུང་བ་དེ་ནི་དོན་དངོས་སུ་སྐམ་སའི་རླུང་འཁོར་དྲག་པོ་རེད་ཅེས་བསྟན་པ་རེད།
            ཟླ་7ཚེས་1ཉིན་གྱི་ཆུ་ཚོད་18:00ཡས་མས་སུ། བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ཁོངས་སུ་རླུང་འཁོར་དྲག་པོ་ཞིག་བྱུང་ཞིང་། ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་མང་པོས་སྣང་ཚུལ་ངོ་མཚར་ཆེ་བ་དེ་ཉིད་དངོས་སུ་མཐོང་བ་མ་ཟད། ལག་ཁྱེར་ཁ་པར་ནས་བརྙན་ལེན་ཡང་བྱས་པ་རེད།
           ཡུལ་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་པ་ལྟར་ན། སྐབས་དེར་ནམ་མཁར་མུན་རུབ་ཅིང་སྤྲིན་ནག་འཁྲིགས་པ་དང་། བར་སྣང་ལ་གློ་བུར་དུ་ལྡུག་ཚགས་དབྱིབས་ཀྱི་སྤྲིན་གྱི་ཀ་གཟུགས་ཤིག་བྱུང་ཞིང་། རང་འཁོར་ངང་སྐྱོད་བཞིན་གྱི་རྣམ་པ་དེ་ཧ་ཅང་ངོ་མཚར་ཆེ་ལ། དུས་ཡུན་ཆུ་ཚོད་སྐར་མ་བཅུ་ཙམ་རིང་རྒྱུན་བསྲིངས་པ་རེད།
            བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་ཀྲུའུ་རེན་ཏུའུ་ཅུན་ལགས་ཀྱིས་དབྱེ་ཞིབ་བྱས་ཏེ་འདམ་གཞུང་རྫོང་ཁོངས་སུ་རླུང་འཁོར་དྲག་པོ་བྱུང་བ་དེ་ནི་དོན་དངོས་སུ་སྐམ་སའི་རླུང་འཁོར་དྲག་པོ་ཡིན་ཞིང་། དེ་ནི་ཆར་སྤྲིན་འོག་ནས་ས་ངོས་སུ་རྒྱུ་ཡོང་བའི་རྒྱ་ཁྱོན་ཆུང་ཡང་རླུང་ཤུགས་ཧ་ཅང་ཆེ་བའི་དྲག་རླུང་ཀློང་འཁོར་ཞིག་རེད། འདི་ནི་བོད་ལྗོངས་སུ་1961ལོ་ནས་བཟུང་གནམ་གཤིས་ལྟ་དཔྱད་ཚད་ལེན་བྱེད་འགོ་ཚུགས་པ་ནས་ད་ལྟའི་བར་དུ་སྐམ་སའི་རླུང་འཁོར་དྲག་པོ་ལྟ་དཔྱད་ཚད་ལེན་ཐེངས་དང་པོ་བྱེད་ཐུབ་པ་ཞིག་རེད། 2007ལོའི་ཟླ་5ཚེས་26ཉིན། ནག་ཆུ་དང་འདམ་གཞུང་གཉིས་ཀྱི་བར་མཚམས་སུའང་རླུང་འཁོར་དྲག་པོ་བྱུང་མྱོང་མོད། འོན་ཀྱང་སྐབས་དེ་ནི་རྡུལ་འགྲིལ་རླུང་གི་རིགས་སུ་གཏོགས་པ་ཞིག་རེད་ཅེས་བརྗོད་པ་རེད།
            ཏུའུ་ཅུན་གྱིས་ཉེ་དུས་ནས་བཟུང་བོད་ལྗོངས་སུ་གཏད་རྒྱུག་གནམ་གཤིས་བྱུང་ཚད་དང་ཐེངས་གྲངས་ཅུང་མང་བས། རླུང་ཁམས་ཆེན་པོའི་ནང་གི་ནུས་ཚད་ཆེ་རུ་མངོན་གསལ་ཕྱིན་ཡོད་པ་འདི་ནི་ཕལ་ཆེར་སྐམ་སའི་རླུང་འཁོར་དྲག་པོའི་གནམ་གཤིས་བྱུང་བའི་རྒྱུ་རྐྱེན་ཡིན་གྱི་རེད་ཅེས་བསྟན་པ་རེད།
            ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་གཤིས་ཅུས་ཀྱི་འགོ་འཛིན་ཉི་མ་ལགས་ཀྱིས་གསར་འགོད་པར། ཐེངས་འདིར་འདམ་གཞུང་རྫོང་དུ་སྐམ་སའི་རླུང་འཁོར་དྲག་པོ་བྱུང་བར་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད། ཚན་རིག་དང་མཐུན་པའི་ཤེས་རྟོགས་བྱེད་ནུས་ཞན་པར་བརྟེན། མི་ཁ་ཤས་ལ་བར་སྣང་དུ"འབྲུག་གིས་ཆུ་འཇིབ"ཅེས་པའི་སྣང་ཚུལ་བྱུང་བའི་བསམ་པའི་འཁྲུལ་སྣང་བྱུང་སྲིད་པས། མིག་སྔར་དུས་ཚོད་དང་པོར་འཕྲིན་ཕྲན་དང་འཕྲིན་ཐུང་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་མང་ཚོགས་ལ་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ་དོགས་གནད་གསལ་འགྲེལ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
           ཤེས་རྟོགས་བྱུང་གསལ་དུ། རླུང་འཁོར་དྲག་པོ་ནི་རླུང་ཁམས་ཆེན་པོའི་ནང་གི་རླུང་ཤུགས་ཆེས་ཆེ་བའི་རླུང་འཁོར་གྱི་སྣང་ཚུལ་ཞིག་ཡིན་ལ། ཆུ་ངོས་སུ་བྱུང་ན"འབྲུག་གིས་ཆུ་འཇིབ་པ"ཞེས་པ་དང་། སྐམ་སར་བྱུང་ན་སྐམ་སའི་རླུང་འཁོར་དྲག་པོ་ཞེས་པ་རེད། སྣང་ཚུལ་འདི་རིགས་ནི་དབྱར་དུས་ཀྱི་འབྲུག་གྲགས་ཆར་འབབ་གནམ་གཤིས་སྐབས་བྱུང་བ་དང་། ལྷག་པར་དུ་ཕྱི་དྲོ་ནས་ས་སྲིབ་སྐབས་བྱུང་ཚུལ་མང་བས། ཤུགས་རྐྱེན་ཐེབས་རྒྱ་ཆུང་ན་ཡང་གཏོར་བརླག་གཏོང་ནུས་ཧ་ཅང་ཆེ་བ་རེད། ཐེངས་འདིར་འདམ་གཞུང་རྫོང་ཁོངས་སུ་བྱུང་བའི་སྐམ་སའི་རླུང་འཁོར་དྲག་པོ་དེ་ཡིས་ས་གནས་དེ་གའི་འགྲིམ་འགྲུལ་དང་། མི་དང་རྒྱུ་ནོར་གྱི་བདེ་འཇགས་སོགས་ལ་གནོད་འཚེ་བཟོས་མེད་པ་རེད།
    ༄༅།།བོད་ལྗོངས་འདམ་གཞུང་རྫོང་མཁར་གྱི་མཁའ་དབྱིངས་སུ་མཐོང་དཀོན་པའི་ངོ་མཚར་ཆེ་བའི་
རླུང་འཁོར་དྲག་པོ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།