འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་པས་འོང་སྐོར་བཏང་ནས་ལོ་ལེགས་ཡོང་བའི་རེ་སྨོན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། དབྱར་ཟླ་7པའི་གངས་ལྗོངས་ས་མཐོར་ཆར་ཆུ་འབེལ་བ་དང་ཉི་འོད་རབ་ཏུ་འཕྲོ། ཞིང་ལ་སྙེ་རྡོག་རིམ་བཞིན་རྒྱས་ནས་བསིལ་རླུང་ལྡང་བ་དང་སྦྲགས་རྦ་རླབས་བཞིན་ཆལ་ཆིལ་དུ་གཡོ་བ་དེ་ནི་ཞིང་པ་ཚོའི་སེམས་ལ་དགའ་བའི་རྦ་རླབས་འཕྱུར་བ་དང་གཉིས་སུ་མ་མཆིས།
         གང་སར་ནས་ཞིང་གི་སྔོ་དྲི་འཐུལ་བའི་དུས་འདིར། བོད་ཀྱི་ཞིང་ཁུལ་གཙོ་བོ་ཁག་ལ་ལོ་གཅིག་དུས་གཅིག་གི་འོང་སྐོར་གཅིག་རྗེས་གཉིས་མཐུད་ངང་ཤར། ཞིང་པ་སྐྱེས་ཕོ་མོ་རྣམས་ཀྱིས་ལུས་ལ་རྒྱན་གོས་ལེགས་པར་སྤྲས་ཤིང་། མདའ་དར་རྔ་དང་རོལ་ཆ་སོགས་ཐོགས་ཏེ་འོང་ཞིང་གི་མཐའ་བསྐོར་ནས་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་ཆར་ཆུ་དུས་སུ་འབབ་པའི་རེ་སྨོན་བྱེད་ཀྱི་ཡོད།
         ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནི་བོད་ཀྱི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན་ལ་འོང་སྐོར་ཅུང་གཏོང་སྔ་བའི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད། བོད་ཟླ་བདུན་པའི་ཞོགས་པ་ཞིག་ལ་ས་བབ་མཐོ་ཚད་སྨི་4000ཟིན་པའི་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མང་མཚོ་གྲོང་ཚོར་ལུས་ལ་གཟབ་མཆོར་སྤྲས་པའི་གྲོང་མི་ཚོས་གཞས་ཆེན་ལེན་བཞིན་ལོ་ལེགས་ཕུན་སུམ་ཚོགས་པོ་ཡོང་བའི་སྨོན་འདུན་ཞུ་བཞིན་འདུག
         བོད་སྐད་དུ་འོང་ཞེས་པ་ནི་ཞིང་ཁའི་དོན་དང་། སྐོར་ནི་སྐོར་བ་བརྒྱབ་པའི་དོན་ཡིན་པས་དེ་ནི་ལོ་ལེགས་ཀྱི་འབྲས་བུ་གཡུར་དུ་ཟ་བའི་ཞིང་ཁར་སྐོར་བ་བརྒྱབ་ནས་ལོ་ལེགས་ཡོང་བའི་རེ་སྨོན་བྱེད་པ་ཞིག་རེད། འོང་སྐོར་ལ་ད་བར་ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། བོད་ལྗོངས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་སུ་དར་ཁྱབ་ཆེ། ལོ་ལྟར་བོད་ཟླ་ལྔ་པ་ནས་བདུན་པའི་བར་གཏོང་བ་དང་། སྤྱིར་འོང་སྐོར་གཏོང་བའི་དུས་ཚོད་ཡུལ་ལུང་སོ་སོའི་ལོ་ཏོག་སྨིན་སྔ་ཕྱིར་དཔགས་ནས་གཏོང་གི་ཡོད།
         ཚེས་7ཉིན་གྱི་སྔ་དྲོར། བསང་གི་དུ་བ་དང་གྲོང་མི་ཚོའི་འགྱུར་ཁུག་སྙན་པའི་གླུ་སྒྲའི་ཁྲོད་མང་མཚོ་གྲོང་ཚོའི་ལོ་གཅིག་དུས་གཅིག་གི་འོང་སྐོར་འགོ་ཚུགས།
         འོང་སྐོར་ལ་འགྲོ་མཁན་གྱི་རུ་སྟར་རིང་ཞིང་གྲལ་འགྲིག་པ་དང་། གྲོང་མི་ཚོས་ལྷ་སྐུ་ཁུར་བ་དང་རྒྱལ་མཚན་སྒྲེང་མཁན་སོ་ནམ་པ་རྒན་གྲས་ཀྱི་སྣེ་འདྲེན་འོག་ཆོས་དཔེ་འཁུར་ནས་དལ་བུར་ཞིང་ཁའི་རྣང་མ་བརྒྱུད་གླུ་ཆུང་ལེན་བཞིན་ལོ་ངོ་སྟོང་ཕྲག་ངག་རྒྱུན་དུ་འཇགས་པའི་སྨོན་ཚིག་སྒྲོན་པ་གསར་འགོད་པས་མཐོང་།
         དེ་དང་ཆབས་ཅིག གྲོང་ཚོའི་མི་གཞན་རྣམས་སྤང་སྟེང་དུ་གུར་རྒྱག་པར་བྲེལ། དུད་ཚང་གཉིས་གསུམ་ཙམ་ཚོགས་ཆུང་གཅིག་ལ་བགོས་ནས་མཉམ་དུ་གུར་བརྒྱབ་སྟེ་ནས་ཆང་དང་། ཇ་བསྲུབས་མ། ཇ་མངར་མོ། དེ་བཞིན་ཞིམ་ཟས་སྣ་ཚོགས་ཁྱེར་ཏེ་འོང་སྐོར་ལ་འགྲོ་མཁན་བསྒུག་ནས་བསྡད།
         “གྲོང་མི་རྣམས་འཆམ་མཐུན་མཉམ་གནས་ཡིན་པ་དང་རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་ཀྱང་དོན་འཁྱོལ་གནད་སྨིན་བྱུང་ཡོད། དེའི་ཁར་ཆར་ཆུ་ཧ་ཅང་འབེལ་བས་འདི་ལོའི་སྟོན་འབབ་སྔར་ལས་ལེགས་པ་ཡོང་ངེས་རེད”ཅེས་འོང་ཁ་བསྐོར་རྗེས་ལོ་66སོན་པའི་རྒན་མོ་བསམ་གཏན་གྱིས་བདེ་སྐྱིད་ལྡན་པའི་ངང་བཤད།
         ཕྱི་དྲོའི་ཆུ་ཚོད་3པའི་ཡས་མས་སུ། སྤྱི་ལེ་7ཟིན་པའི་འོང་ཁ་བསྐོར་ཟིན་རྗེས་གྲོང་མི་རྣམས་གྲོང་ཚོ་ཨུ་ལྷན་མཐའ་འཁོར་གྱི་སྤང་སྟེང་དུ་སྒོར་སྒོར་བྱས་ནས་གཞས་ཆེན་མཇུག་ཤོས་དེ་བཏང་རྗེས་ཉིན་གཅིག་གི་གླིང་ཁ་གཏོང་འགོ་ཚུགས། དེ་ལྟ་བུའི་གླིང་ཁ་བསྟུད་མར་ཉིན་གསུམ་གཏོང་གི་ཡོད། གླིང་ཁ་བཏང་རྗེས་བཙས་མ་རྔ་འགོ་ཚུགས་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ས་བབ་དང་གནམ་གཤིས་སོགས་ཀྱི་རྐྱེན་པས་བོད་ཀྱི་ཡུལ་ལུང་སོ་སོར་འོང་སྐོར་གཏོང་བའི་དུས་ཚོད་ཀྱང་སྔ་ཕྱི་མི་གཅིག དེར་བརྟེན་བོད་ཡོངས་སུ་ཟླ་བདུན་པ་ནས་བཟུང་འཁྲུག་ཆ་དོད་པའི་འོང་སྐོར་གཅིག་རྗེས་གཉིས་མཐུད་ངང་གཏོང་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།