འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གཞི་རྩའི་
    ཆ་ནས་ལེགས་འགྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གཞི་རྩའི་
ཆ་ནས་ལེགས་འགྲུབ་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན། གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་ཅུས་རིག་གནས་ཐོན་ལས་ཁོའི་འགོ་འཛིན་ཆོས་སྒྲོན་གྱིས། དུས་ཡུན་གཟའ་འཁོར་གཅིག་རིང་གི་དཔེ་རྙིང་ཉར་ཚགས་ལས་ཁུངས་ཀྱི་ཆ་རྐྱེན་ལེགས་བཅོས་རྟོག་ཞིབ་བརྟག་དཔྱད་ལེགས་འགྲུབ་བྱས་མཚམས་སུ་གསར་འགོད་པར་ངོ་སྤྲོད་བྱས་པ་སྟེ། གཞིས་ཀ་རྩེའི་གྲོང་ཁྱེར་ཁོངས་གཏོགས་སུ་རྫོང་18ཡོད་ཅིང་། བོད་ལྗོངས་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་ཉར་ཚགས་བྱས་གྲངས་མང་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡ་གྱལ་ཡིན་ཞིང་། གྲོང་ཁྱེར་འདི་ཡིས་2014ལོ་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་དཔེ་རྙིང་ཉར་ཚགས་ལས་ཁུངས་450ལྷག་ཏུ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལེགས་འགྲུབ་བྱས་ཤིང་། དཔེ་རྙིང་ཚད་ལྡན་ཡིག་ཆ་བམ་པོ་5000ལ་ཉེ་བ་ཐོ་འགོད་བྱས་ཡོད་ཅེས་བརྗོད་པ་རེད།
         ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་དུ་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དཔེ་རྙིང་ཚད་ལྡན་ཡིག་ཆ་བམ་པོ་13《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་གཞུང་མིང་ཐོ་》རུ་བཀོད་ཡོད་པ་དང་། དེའི་རྗེས་མཐུད་ནས་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་ཁག་དྲུག་པ་རེ་ཞུ་ལས་དོན་སྒྲུབ་རིང་དུ། རྩ་ཆེའི་གནའ་གཞུང་ཚད་ལྡན་ཡིག་ཆ་བམ་པོ་5ནས་6བར་རེ་ཞུ་བརྩོན་ལེན་བྱ་རྒྱུ་རེད།
         ཆོས་སྒྲོན་གྱིས“དཔར་རྙིང་ཚད་ལྡན་ཡིག་ཆ་ནི་བོད་མི་རིགས་ཀྱི་མེས་པོས་ཤུལ་བཞག་གནང་བའི་ཅུང་ཆ་ཚང་བའི་རྩ་ཆེའི་རིག་གནས་ཤུལ་བཞག་ཡིན་ཞིང་། བོད་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ལ་ཞིབ་འཇུག་བྱེད་རྒྱུར་རིན་ཐང་གལ་ཆེན་ལྡན་པ་རེད། ང་ཚོས་མ་རྩ་དང་མི་ཤུགས་སྔར་བས་མང་བ་གཅིག་བསྡུས་བྱས་ཏེ་ལས་དོན་དེར་བཏང་ནས། ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་གི་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་སྐབས་གྲུབ་འབྲས་བཟང་པོ་ཐོབ་པར་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། 
         གསར་འགོད་པས་ཤེས་རྟོགས་བྱུང་གསལ། གཞིས་ཀ་རྩེ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་མངའ་རིས་དང་། ནག་ཆུ། ཉིང་ཁྲི། ལྷོ་ཁ། ལྷ་ས་བཅས་ཀྱི་རྗེས་སུ་གཞི་རྩའི་ཐོག་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལེགས་འགྲུབ་བྱས་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་ཨང་དྲུག་པ་རེད། 2018ལོའི་ལོ་མཇུག་ཏུ་སླེབས་དུས། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པའི་སྐབས་སུ་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་དཀར་ཆག་དང་རྩ་ཆེའི་དཔེ་རྙིང་རི་མོའི་དཀར་ཆག་ལེགས་སྒྲིག་དཔེ་སྐྲུན་བྱ་རྒྱུ་རེད།
         བོད་ལྗོངས་ཀྱི་དཔེ་རྙིང་ཉར་ཚགས་ལས་ཁུངས་ནི་དགོན་པ་གཙོ་བོ་བྱེད་པའི་བསྡོམས་པས་སྡེ་ཚན་སྟོང་ལྷག་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ས་ཁུལ་གཉིས་དང་གྲོང་ཁྱེར་ལྔ་རྫོང་74ལ་ཁྱབ་པ་རེད། 2010ལོར་བོད་ལྗོངས་སུ་གནའ་གཞུང་ཚད་ལྡན་ཡིག་ཆ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྒྲུབ་འགོ་དངོས་སུ་ཚུགས་པ་དང་། མིག་སྔར་གཞི་རྩའི་ཆ་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་65%ལེགས་འགྲུབ་བྱས་ཡོད་པ་དང་། 2019ལོར་གཞི་རྩའི་ཆ་ནས་ལྗོངས་ཡོངས་ཀྱི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།