འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཕན་འབྲས་ཆེ་བའི་བོད་ལུག་གསོ་ཚགས་ལག་རྩལ་གྱི་ས་གནས་ས་ཐོག་
    གི་ལྟ་སྦྱོང་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཕན་འབྲས་ཆེ་བའི་བོད་ལུག་གསོ་ཚགས་ལག་རྩལ་གྱི་ས་གནས་ས་ཐོག་གི་ལྟ་སྦྱོང་ཚོགས་འདུ་དང་ཞིང་ཆེན་ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱི་ལུག་ཐོན་ལས་ལས་སྟེགས་ཀྱི་ས་གནས་ས་ཐོག་གི་ལྟ་སྦྱོང་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་མདོ་ལ་དང་མདའ་བཞི་རྫོང་དུ་འཚོགས་པ་རེད།
         ཕན་འབྲས་ཆེ་བའི་བོད་ལུག་གསོ་ཚགས་ལག་རྩལ་ཁྱབ་གདལ་བཏང་ནས་ལོ་ལྔ་ཕྱིན་ཞིང་། གསོ་ཚགས་ལག་རྩལ་ཁྱབ་གདལ་བཏང་བ་བརྒྱུད། སྣོད་བཅུད་འབྲོག་ལས་ཆེད་ལས་ཁང་གིས་ཕྱུགས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། ཕྱུགས་རིགས་འཁོར་རྒྱུག་གི་དུས་འཁོར་མགྱོགས་སུ་གཏོང་བ། འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་ལེགས་སུ་གཏོང་བ། མཉམ་ལས་ཁང་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པར་བརྟེན་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ལ་ལེགས་སུ་ཕྱིན་ཡོད། “ཕན་འབྲས་ཆེ་བའི་བོད་ལུག་གསོ་ཚགས་ལག་རྩལ”གྱི་གྲུབ་འབྲས་ལ་2016ལོའི་ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་རྒྱས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད།
         “འདི་ལོ་ང་ཚོས་ཕན་འབྲས་ཆེ་བའི་གསོ་ཚགས་བྱས་པའི་ཁག་དང་པོའི་ལུག་མགོ་གྲངས་350བཤས་བཏང་བར་ཆ་སྙོམས་ལུག་རེའི་ལྗིད་ཚད་སྤྱི་རྒྱ་18ཟིན་པ་དང་ལུག་རེའི་གོང་ཚད་སྒོར་768ཟིན་པའི་ཁར། འདི་ལོ་ཁྲོམ་རར་བྲིན་ཁ་རྒྱུག་པར་བརྟེན་ལུག་རེ་ནས་ཁེ་བཟང་སྒོར་220རག་བྱུང”ལྟ་སྦྱོང་བྱ་ཡུལ་་10ལྷག་ཙམ་དུ་ལྟ་སྦྱོང་སློབ་སྦྱོང་བྱེད་མཁན་ཆེད་ལས་མཉམ་ལས་ཁང་ཁག་གི་འགན་འཁུར་བར་ཕན་པ་མི་དམན་པ་ཞིག་ཐོབ་ཡོད། ཚང་མས་ཕན་ཚུན་ཕན་འབྲས་ཆེ་བའི་གསོ་ཚགས་བྱེད་པའི་ཁྲོད་ཀྱི་ཉམས་མྱོང་དང་། ལག་རྩལ། མྱོང་ཚོར་བཅས་སྤེལ་རེས་བྱས་པ་དང་འབྲེལ་གསོ་ཚགས་བརྒྱུད་རིམ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ཐོན་ལས་ལས་སྟེགས་ཀྱི་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུས་ནས་ཐག་གཅོད་ཡོང་ཐབས་བྱས་ཡོད། གསར་དུ་ཐོན་པའི་གནད་དོན་ལ་རིགས་གཅིག་མཁས་ཅན་ཚོས་ཀྱང་ཟིན་ཐོ་ཞིབ་ཚགས་བཀོད་དེ་ཞིབ་འཇུག་བྱ་རྒྱུའི་ཁས་བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།