འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་ཀྱི་ཁེ་ལས་འབྲིང་ཆུང་གིས་རྒྱལ་ནང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲོམ་རར་
    ཞུགས་རྒྱུའི་བརྩོན་ལེན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ལ་དོ་ཁུར་བྱེད་ཚད་མུ་མཐུད་ཆེ་རུ་འགྲོ་བཞིན་པ་དང་བསྟུན་ནས། ཡོ་རོབ་ཀྱི་ཁེ་ལས་མང་པོ་ཞིག་གིས་ཀྱང་རྒྱལ་ནང་གི་ཚོང་ལས་གོ་སྐབས་ལ་ལྡིར་འགོ་ཚུགས། ན་ནིང་ཟླ་9པར་ཀོང་ཏུང་གི་ཀུང་སི་ཞིག་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་སྐྱེ་དངོས་ཀྱི་སྤུས་ནུས་འབྱུང་ཁུངས་འབར་བ་དང་འབུད་པའི་རྣམ་གྲངས་ཐུན་མོང་ཐོག་གསར་སྤེལ་བྱེད་མཁན་ཨོ་སི་ཁྲུ་རི་ཡའི་པའོ་ལི་ཐའེ་ཁེའི་རླུང་འབུད་དང་འབར་བའི་ལག་རྩལ་ཚད་ཡོད་ཀུང་སི་ཉེ་དུས་སླར་ཡང་ཀོང་ཏུང་ཅེ་དབྱང་དུ་གཉེར་བའི་ཀྲུང་གོ་དང་འཇར་མན(ཡོ་རོབ)གྱི་ཁེ་ལས་འབྲིང་ཆུང་གི་མཉམ་ལས་སྤེལ་རེས་ཚོགས་འདུ་སྐབས་གསུམ་པར་བསྐྱོད་དེ་དེའི་ཐད་ཀྱི་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་སྐྱེ་དངོས་ཀྱི་སྤུས་ནུས་འབྱུང་ཁུངས་བེད་སྤྱོད་ལག་རྩལ་ཁྱབ་གདལ་བཏང་ནས་རྒྱལ་ནང་གི་མཉམ་ལས་རོགས་ཟླ་དེ་བས་མང་བ་འཚོལ་རྒྱུ་རེད།
        “ང་ཚོ་ཀྲུང་གོའི་ཁྲོམ་རར་ཞུགས་ནས་ང་ཚོའི་སྒྲིག་ཆས་དང་ལག་རྩལ་ཀྲུང་གོར་འཚོང་རྒྱུའི་ཐག་བཅད་དགོས་དོན་གང་ཡིན་ནམ་ཞེ་ན། དེ་ནི་ཀྲུང་གོ་སྲིད་གཞུང་གིས་ཉེ་བའི་ལོ་ཤས་རིང་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་ལྷག་པར་དུ་མཁའ་རླུང་གཙང་མ་བཟོ་བ་དང་འབྲེལ་བ་ཡོད་པས་རེད། གང་ཡིན་ཟེར་ན་ཀྲུང་གོའི་ནུས་རྒྱུ་གཙོ་བོ་ནི་རྡོ་སོལ་རེད། འོན་ཀྱང་རྡོ་སོལ་གྱིས་མཁའ་རླུང་ལ་བཙོག་སྐྱོན་ཆེན་པོ་བཟོ་ཡི་ཡོད། ད་ཆ་རྗེས་ལུས་ཀྱི་ཐོན་ནུས་དེ་དག་ཚད་གཞི་ཆེན་པོས་འདོར་བཞིན་ཡོད་པ་ང་ཚོས་བལྟས་ན་གོ་སྐབས་བཟང་པོ་ཞིག་ཏུ་མཐོང་ནས་སྐྱེ་དངོས་ཀྱི་སྤུས་ནུས་འབྱུང་ཁུངས་ལ་བརྟེན་ནས་མེ་ཤུགས་གློག་འདོན་ཁང་གི་ཚབ་བྱ་ཆོག”ཅེས་ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་པེ་ཁེ་·པི་ཏེས་བཤད།
         རྒྱལ་ནང་དུ་མིག་སྔར་མཁའ་རླུང་གི་སྦགས་བཙོག་དང་ཆུའི་སྦགས་བཙོག་སོགས་ཁོར་ཡུག་གནད་དོན་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྔར་ན་མེད་པའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་བཟོ་ལས་འཕེལ་རྒྱས་ལ་ཡང་འཐུས་ཤོར་གཏོང་མི་རུང་། རྒྱལ་ནང་གི་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་རིང་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་བཟོ་རྩལ་གྱི་དགོས་མཁོ་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད། དེའི་ནང་ཡོ་རོབ་ཀྱི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཚད་གཞི་ནན་པོ་ལས་ཡུལ་དེ་གར་ཐབས་རྩལ་ཐུན་མོང་མ་ཡིན་པ་ལྡན་པའི་ཚན་རྩལ་རང་བཞིན་གྱི་ཁེ་ལས་འབྲིང་ཆུང་མང་པོ་བྱུང་ཡོད། འཇར་མན་གྱི་ངོས་ནས་བརྗོད་ན། ཁེ་ལས་འབྲིང་ཆུང་གིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་རིན་ཐང་ཕྱེད་ཀ་ཙམ་བཏོད་ཡོད་པ་དང་ལྷག་པར་དུ་ཁེ་ལས་མཁས་ཅན་ལ་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་ནུས་པ་ལྡན་ཡོད། གོ་ལ་ཧྲིལ་པོའི་ཁེ་ལས་2700ལྷག་ཙམ་ལས་འཇར་མན་གྱི་ཁེ་ལས་ཀྱིས་ཕྱེད་ཀ་ཙམ་བཟུང་ཡོད། ཁེ་ལས་དེ་དག་བལྟོས་བཅས་ཀྱིས་ཆུང་ཙམ་དང་རྒྱུས་མངའ་ཡོད་མཁན་དེ་ཙམ་མེད་ཀྱང་རང་རང་སོ་སོའི་ལས་རིགས་ཁྲོད་འཛམ་གླིང་ཁྲོམ་རའི་སྣེ་ཁྲིད་པར་གྱུར་ཡོད།
         ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་འཇར་མན་གྱི་ཁེ་ལས་འབྲིང་ཆུང་གི་མཉམ་ལས་སྤེལ་རེས་ཚོགས་འདུ་སྐབས་དང་པོ་དང་གཉིས་པ་གཉེར་བ་དང་བསྟུན་འཇར་མན་གྱི་ཨོའུ་ལུས་པའོ་ཚོགས་པ་དང་ཏའེ་ཝེ་ཐེའི་ཚ་ནུས་ལྷག་མའི་གློག་གཏོང་སོགས་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་བསྐྱོད་ནས་མཉམ་ལས་བྱ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད། ཅེ་དབྱང་དུ་གཉེར་བའི་ཀྲུང་གོ་དང་འཇར་མན་གྱི་ལྕགས་རིགས་སྣོད་བཅུད་གྲོང་དུ་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཁེ་ལས་6བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་རྣམ་གྲངས་30མི་རིང་བར་ལས་འགོ་འཛུགས་རྒྱུའམ་ཡང་ན་ལས་འགོ་འཛུགས་བཞིན་ཡོད་པ་རེད།
         ན་ནིང་ཟླ་11པར་གྲོས་མཐུན་བཞག་པའི་ཅེ་ཁེའི་ཏུའོ་སི་ཐ་ཧྥུའི་པེ་ཧྲེང་པེ་ཆུ་ཚགས་ཐོན་སྐྱེད་རྟེན་གཞི་ནི་ཅེ་དབྱང་དུ་ཐོག་མར་གཞིས་ཆགས་པའི་ཀྲུང་གོ་དང་འཇར་མན་གྱི་ལྕགས་རིགས་སྣོད་བཅུད་གྲོང་གི་ཀྲུང་གོ་དང་ཅེ་ཁེའི་མཉམ་ལས་རྣམ་གྲངས་ཤིག་ཡིན་པས་ཕྱོགས་གཉིས་པོས་ཆུ་ཚགས་དང་ཆུ་དྭངས་གསིང་གི་ཐོན་རྫས་གཞན་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་ཀྱི་ཐད་ཕྱར་བ་གྲུ་འདེགས་ངང་གཞོལ་བཞིན་ཡོད།
         ཧྥ་རན་སེའི་སྒུལ་སྐྱོད་རང་བཞིན་གྱི་འདམ་རྫབ་གཙང་སེལ་སྒྲིག་ཆས་ཀུང་སིས་དེ་གོང་ཐེན་ཅིན་དུ་མཉམ་ལས་ཀྱི་གྲོས་མཐུན་ཅིག་བཞག་ཡོད་པ་དང་། ད་ཆ་སླར་ཡང་ཀྲུང་གོ་དང་འཇར་མན་(ཡོ་རོབ་)དབར་གྱི་ཁེ་ལས་འབྲིང་ཆུང་གི་མཉམ་ལས་སྤེལ་རེས་ཚོགས་འདུར་ཞུགས་ཡོད། “ཀྲུང་གོར་བསྐྱོད་པའི་ཐོག་མའི་དམིགས་ཡུལ་ནི་ཀྲུང་གོའི་ཆུ་བོའི་བཙོག་སྐྱོན་བཅོས་སྒྲིག་བྱ་རྒྱུ་དེ་ཡིན་པས་ང་ཚོས་ཀྲུང་གོའི་ཀུང་སི་དང་མཉམ་ལས་འཚོལ་ཞིབ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་སྲིད་གཞུང་དང་། ཀྲུང་གོའི་སློབ་ཆེན། ཀྲུང་གོའི་ཚན་རིག་ཞིབ་འཇུག་སྒྲིག་གཞི་བཅས་དང་མཉམ་ལས་འཚོལ་ཞིབ་བྱེད་ཀྱི་ཡོད། ང་ཚོས་ཆུ་བོའི་མཐིལ་དང་མཚོ་མཐིལ་གྱི་བཙོག་དངོས་དབྱེ་བ་ཕྱེ་ནས་གཞུང་ལམ་དང་། གྲུ་ཁ། རྨང་གཞིའི་སྒྲིག་བཀོད་གཞན་བཅས་འཛུགས་སྐྲུན་གྱི་རྒྱུ་ཆར་འགྱུར་བར་བྱ་རྒྱུ་ཡིན། ད་ཆའི་བེད་མེད་རྒྱུ་ཆ་འདི་དག་འབྱུང་འགྱུར་ཐོན་ཁུངས་སུ་འགྱུར་ངེས་རེད”ཅེས་ཀུང་སི་དེའི་ཏུང་ཧྲེ་ཀྲང་ཏེ་ཝེའར་·ཧྥེ་ལི་ཕུའུ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།