འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་རྒྱལ་ཁབ་19ཡུན་
    རིང་ཉམས་ཉེན་གྱི་གནས་སུ་གྱར་བ་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངསད་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས(འབྲུ་ཞིང་རྩ་འཛུགས)ཀྱི་སྤྱི་ཁྱབ་ཀན་ཧྲི་ནུའོ་ཙེ·ཀེ་ལ་ཆི་ཡ་ནུའོ·ཏ་ཞིའར་ཝ་ཡིས་ཉེ་ཆར་རོ་མར་འཚོགས་པའི་འབྲུ་ཞིང་རྩ་འཛུགས་ཚོགས་ཆེན་ཐོག་2015ལོ་ནས་བཟུང་འཛམ་གླིང་དུ་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་རྒྱུན་མི་ཆད་པར་མང་དུ་སོང་བའི་རྐྱེན་གྱིས་ལོ་མང་རིང་ཐོབ་པའི་འཕེལ་རྒྱས་ལྡོག་ཕྱོགས་སུ་འགྱུར་བའི་གནས་ཚུལ་ཐོན་ཞིང་། མིག་སྔར་རྒྱལ་ཁབ་19ཡུན་རིང་ཉམས་ཉེན་གྱི་གནས་སུ་གྱར་བ་གཏན་འཁེལ་བྱས་ཡོད་ཅེས་བཤད།
         ཀེ་ལ་ཆི་ཡ་ནུའོ་ཡིས་ཚོགས་ཆེན་ཐོག་གཏམ་བཤད་བྱེད་སྐབས་འཛམ་གླིང་ཡོངས་ཀྱི་བཀྲེས་ལྟོགས་ཀྱིས་མནར་བའི་མི་འབོར་60%གདོང་ཐུག་དང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཕོག་པའི་རྒྱལ་ཁབ་ཏུ་འཚོ་བ་སྐྱེལ་བཞིན་ཡོད། འབྲུ་ཞིང་རྩ་འཛུགས་ཀྱིས་མིག་སྔར་རྒྱལ་ཁབ་19ཡུན་རིང་ཉམས་ཉེན་གྱི་གནས་སུ་གྱར་བ་གཏན་འཁེལ་བྱས་ཡོད་ལ་རྒྱལ་ཁབ་དེ་དག་ལ་ཐན་སྐྱོན་དང་ཆུ་སྐྱོན་སོགས་ཀྱང་བྱུང་ཡོད་ཅེས་ནན་བཤད་བྱས་པ་རེད།
         འབྲུ་ཞིང་རྩ་འཛུགས་ཀྱི་སྙན་ཞུར་གཞིགས་ན། ནི་ཀྲེ་རི་ཡའི་བྱང་རྒྱུད་དང་། སོ་མ་ལི། ལྷོ་སུའུ་ཏན། ཡེ་མེན་བཅས་སུ་མུ་གེ་འབྱུང་ཉེན་ཧ་ཅང་ཆེ་བ་དང་དེའི་ནང་མི་ཁྲི་2000ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། མི་དེ་དག་ཁྲོད་ཀྱི་མང་ཆེ་བ་ནི་གྲོང་གསེབ་ཀྱི་གྲོང་མི་ཡིན་པ་དང་ཁོང་ཚོའི་ལྟོ་གོས་འཚོ་ཐབས་ལ་གཏོར་སྐྱོན་ཕོག་པ་མ་ཟད། ད་དུང་མི་མང་པོ་ཞིག་གནས་སྤོས་དཔུང་ཆེན་ལ་ཞུགས་དགོས་བྱུང་བ་ནི་ཐབས་ཤེས་གཏན་ནས་མེད་པ་ཞིག་རེད།
         འབྲུ་ཞིང་རྩ་འཛུགས་ཀྱི་ཚོགས་ཆེན་ནི་འབྲུ་ཞིང་རྩ་འཛུགས་ཀྱི་དབང་ཆ་ཆེ་ཤོས་ལྡན་པའི་སྒྲིག་གཞི་ཞིག་རེད། ཚོགས་ཆེན་ལོ་གཉིས་རེར་ཐེངས་རེ་འཚོག་གི་ཡོད་ཅིང་། སྐབས་འདིའི་ཚོགས་ཆེན་ཟླ་7ཚེས་3ནས་8ཉིན་བར་འཚོག་རྒྱུ་དང་ཚོགས་འདུར་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། སྒེར་གཉེར་སྡེ་ཚན། དམངས་ཁྲོད་རྩ་འཛུགས་བཅས་ཀྱི་སྐུ་ཚབ་1100ཙམ་ཞུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།