འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཆ་སྒྲིག་གཉེན་འཚོལ་བྱས་ནས་སེམས་ཀྱི་སྦྲེལ་ཟམ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཞོགས་པ་སྔ་པོར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་རྩ་གྲོང་ཚོའི་རྒད་པོ་བསོད་ནམས་བག་གྲོས་ཇ་བསྲུབས་མ་དཀར་ཡོལ་གང་བླུགས་ཤིང་སྤགས་ཆིངས་བཟོ་ཞོར་ཉིན་གཅིག་གི་འཚོ་བ་སྐྱེལ་འགོ་བརྩམས། ཁོང་གིས“འབྲས་དང་གྲོ་ཕྱེ་དང་སྣུམ་སོགས་ཐེངས་སྔོན་མར་སྤྲད་པ་བཟས་མ་ཚར་གོང་དེ་རིང་ཡང་སྤྲད་བྱུང་། ད་དུང་ང་ལ་སྨན་པ་བསྟན་རོགས་བྱས་ནས་སྨན་ཉོས་པ་མ་ཟད་ཅ་ལག་གཞན་དག་ཀྱང་ཉོས་བྱུང་། དངོས་གནས་ངའི་གཉེན་ཉེ་རང་རེད”ཅེས་ཆ་སྒྲིག་གཉེན་འཚོལ་གྱི་གྲོང་སྡོད་ལས་བྱེད་པ་ཧྲང་ཅུན་ཞའི་སྐོར་གླེང་སྐབས་ཁོང་གིས་སེམས་འགུལ་ཐེབས་པའི་ངང་བརྗོད་པ་རེད།
          ཧྲང་ཅུན་ཞ་ནི་རྩ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཡིན་ཞིང་། རྩ་གྲོང་ཚོར་བཅའ་སྡོད་བྱས་ཚུན་དུ། ཁོང་གིས་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་དུད་ཚང་གཉིས་དང“ཆ་བསྒྲིགས”ཏེ་གནད་སྨིན་རོགས་སྐྱོར་བྱས་པ་རེད། བསོད་ནམས་བག་གྲོས་ཁྱིམ་དུ་ཟས་གཡོ་སྦྱོར་བྱེད་དཀའ་བ་ཤེས་རྗེས་ཁོ་མོས་གློག་རྡིག་ཅིག་ཉོས་པ་མ་ཟད། ད་དུང་རྟག་ཏུ་བསོད་ནམས་བག་གྲོར་སྨན་པ་བསྟན་རོགས་བྱས་ནས་སྨན་ཉོས་པས་མང་ཚོགས་ཀྱིས་སེམས་གཏིང་ནས་ཁས་ལེན་པའི“གཉེན་ཉེར”གྱུར་ཡོད་པ་རེད།
          “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་བྱེད་སྒོའི་གཞི་རྟེན་གལ་ཆེན་ཞིག་ཡིན། བོད་ཀྱིས་གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ཐོག་ཏང་ཡོན་ལས་བྱེད་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་དང་ཏང་ཡོན་ལས་བྱེད་པ་དུས་བགོས་ཁག་བགོས་ངང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང“ཆ་བསྒྲིག་རྒྱུའི”བཀོད་སྒྲིག་བྱས་པ་མ་ཟད། ད་དུང་དབུལ་པོ་ཆགས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་དབུལ་སྒྲོལ་བསམ་ཕྱོགས་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
          “ཆེ་ཕྱོགས་ནས་བརྗོད་ན། གྲོང་ཚོར་བཅའ་སྡོད་བྱེད་པ་ནི་གཞི་རིམ་གྱི་མང་ཚོགས་ཡོངས་དང་གྲོགས་པོ་བསྒྲིགས་ནས་ཁོང་ཚོའི་དཀའ་ངལ་དངོས་སེལ་རོགས་བྱེད་པ་ཡིན”“ལས་དོན་རུ་ཁག་གིས་གྲོང་ཚོར་མཉམ་ལས་ཁང་འཛུགས་རོགས་བྱས་ནས་སྨན་སྤོས་ཞིབ་བཟོ་ཕྱིར་ཚོང་བྱས་པ་ཁོ་ནས་ཀྱང་གྲོང་ཚོ་ཧྲིལ་པོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་2300འཕར་ཡོད”ཅེས་ཧྲང་ཅུན་ཞས་བརྗོད་པ་རེད།
         གཞིས་རྩེ་གྲོང་ཁྱེར་དུ། ཏང་ཡོན་ལས་བྱེད་པ་དང་ཆ་སྒྲིག་གཉེན་འཚོལ་བྱས་པའི་མང་ཚོགས་ཚང་མའི་ལག་ཏུ་དམངས་ཕན་གྱི“སེམས་སྦྲེལ་གཱ”ཞིག་ཡོད་པ་དེའི་ཐོག་ཏུ་ལས་བྱེད་པའི་གཞི་རྩའི་ཆ་འཕྲིན་དང་། ཞབས་ཞུའི་ནང་དོན། རོགས་སྐྱོར་བྱ་ཡུལ་གྱི་གནས་ཚུལ་སོགས་བྲིས་ཡོད་པ་རེད། སྨན་པ་སྟེན་པ་དང་། སློབ་གྲྭར་འགྲོ་བ། ལས་ཞུགས་བྱེད་པ་སོགས་ཀྱི་དངོས་ཡོད་དཀའ་ངལ་འཕྲད་ཚེ་ཐད་ཀར་རོགས་སྐྱོར་བྱེད་མཁན་དང་འབྲེལ་བ་བྱེད་ཆོག་གི་ཡོད་པ་རེད།
         གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་མང་ཚོགས་སྐྱིད་ཆུང་གི་ཁྱོ་ག་རླངས་འཁོར་གྱི་ལས་འཛོལ་བྱུང་ནས་གྲོངས་རྗེས་ཁོ་མོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པ་རེད། ཡིན་ན་ཡང་ཆ་སྒྲིག་ལས་བྱེད་པའི་རོགས་རམ་འོག་ཁོ་མོས་ཇ་ཁང་ཆུང་ཆུང་ཞིག་གཉེར་བ་མ་ཟད་ད་དུང་ཟླ་བ་རེར་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཡོང་འབབ་ཀྱང་རག་པས་རིམ་བཞིན་དཀའ་ངལ་ལས་གྲོལ་བ་རེད། སྐྱིད་ཆུང་གིས“ངའི་འཁྲིས་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་མི་ཚང་མར་ཆ་སྒྲིག་ལས་བྱེད་པ་རེ་ཡོད་ལ། ཁོང་ཚོ་ནི་ང་ཚོའི་གཉེན་ཉེ་ལྟ་བུ་ཡིན”ཞེས་བརྗོད་པ་རེད།
         མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཞུ་སྔར་བས་ཡག་པོ་བྱ་ཆེད། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཏང་ཡོན་དང་བླངས་པའི་ཞབས་ཞུའི་རུ་ཁག་དང་ཏང་ཡོན་གདོང་ལེན་པའི་ཞབས་ཞུའི་ས་ཚིགས་བཙུགས་པ་དང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་རྫོང་ཧྲིལ་པོ་ཡུག་ཁུལ་བདུན་དུ་དབྱེ་ནས་ཡུག་ཁུལ་རེ་རེར་འགན་འཁྲི་བ་རེ་བཀོད་སྒྲིག་བྱས་པ་མ་ཟད་ད་དུང་འགན་འཁྲི་བ་དེའི་མིང་དང་། ལས་ཁུངས། ལས་འགན། ཁ་པར་ཨང་གྲངས་སོགས་ཡུག་ཁུལ་གྱི་མང་ཚོགས་ཚོར་ཡོངས་བསྒྲགས་བྱས་པ་དང་། གཞན་ཡང“རྒན་གྲས་གསུམ་གྱི་མི་སྣ”དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པའི་ཁྲོད་ནས་སྙན་གྲགས་ཆེ་ཞིང་གཞི་རིམ་ལས་དོན་ལ་ཆ་རྒྱུས་ཡོད་མཁན་ཡུག་ཁུལ་གྱི་ཆ་འཕྲིན་པར་བདམས་ནས་མང་ཚོགས་ཀྱི་རེ་བ་དུས་ཐོག་ཏུ་ཤེས་རྟོགས་དང་གོང་ཞུ་ཐུབ་པར་བྱས་པ་རེད།
         “མིག་སྔའི་བར་དུ། བོད་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི་13ལྷག་ཙམ་གྱིས་མང་ཚོགས་དབུལ་པོ་དང‘ཆ་བསྒྲིགས’ནས། མང་ཚོགས་དབུལ་པོར་ཕྱུག་འགྱུར་ཐབས་ལམ་ཆེ་རུ་གཏོང་རོགས་བྱེད་ཀྱི་ཡོད”“འདི་ནི་ཏང་ཡོན་ལས་བྱེད་པས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད་ད་དུང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཀྱང་ཐེབས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་སྐོར་ཞིབ་པ་ལི་ཞའོ་ཉིང་གིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།