འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ལ་ཐེ་ཝེ་ཡའི་ཁྲོམ་རར་ཞུགས་མཁན་ཀྲུང་གོའི་ཁེ་ལས་དང་པོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་པུའུ་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་དུ་གནས་པའི་ཐུང་ཡུས་འཕྲིན་གཏོང་ནི་ཀྲུང་གོའི་སྐད་གྲགས་ཆེ་བའི་གནམ་སྐུད་ཐོན་སྐྱེད་ཀུང་སི་ཞིག་རེད། ཀྲུང་གོས་མ་རྩ་བཏང་སྟེ་ལ་ཐེ་ཝེ་ཡར་བཙུགས་པའི་ཐོན་སྐྱེད་ཁེ་ལས་དང་པོའི་ངོས་ནས། ཐུང་ཡུས་འཕྲིན་གཏོང་ལ་ཐེ་ཝེ་ཡ་ཚད་ཡོད་ཀུང་སི་ནི་ལ་ཐེ་ཝེ་ཡའི་ཁྲོམ་རར་ཞུགས་མཁན་ཀྲུང་གོའི་ཁེ་ལས་ཐོག་མ་དེ་ཡིན་པ་དང་། ཁེ་ལས་བཙུགས་ནས་ལོ་3སོང་རིང་གྲུབ་འབྲས་མི་དམན་པ་ཐོབ་ཡོད།
         ཐུང་ཡུས་འཕྲིན་གཏོང་ལ་ཐེ་ཝེ་ཡ་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཝང་ཧུས་ཆིའུ་ཡིས་ད་ཆ་ཀུང་སི་དེར་གཏན་འཇགས་ཀྱི་ལས་མི་བཅུ་ལྷག་ཙམ་ཡོད་པ་དང་། མངགས་ཐོ་གཞིར་བཟུང་ཐོན་སྐྱེད་བྱེད་ཅིང་། མངགས་ཐོའི་མང་ཉུང་ལྟར་ལས་མིའི་གྲངས་འབོར་སྟངས་འཛིན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
         ཝང་ཧུས་ཆིའུ་ཡིས་ཀུང་སི་དེས་གཙོ་བོ་རྟེན་གཞིའི་ས་ཚུགས་ལ་སྤྱོད་པའི་རླབས་ཕྲན་གནམ་སྐུད་ཐོན་སྐྱེད་བྱེད་པ་དང་། ཐོན་རྫས་ལ་ཐེ་ཝེ་ཡ་ཕུད་ད་དུང་ལི་ཐུ་ཝན་ནི་ཡ་དང་། ཧང་ག་རི། ཧྥ་རན་སེ། ཧྥིན་ལན། དབྱི་ཐ་ལི་བཅས་སུ་འཚོང་བ་མ་ཟད། དབྱིན་ཇི་དང་ཨུ་རུ་སུ། ཕོ་ལན་བཅས་ཀྱི་ཁྲོམ་ར་འབྱེད་ཡོད། མིག་སྔར་ཀུང་སི་དེ་འཕེལ་རྒྱས་བཏང་ཡུལ་ཡོ་རོབ་གཅིག་པུ་ཙམ་མ་ཡིན་པར་ད་དུང་རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞི་དང་། འཛམ་གླིང་དབུས་ཤར་རྒྱལ་ཁབ། ཨ་ཧྥེ་རི་ཁ་བྱང་རྒྱུད་ཀྱི་རྒྱལ་ཁབ་བཅས་ཀྱི་ཁྲོམ་རའང་ཚུད་ཡོད།
         ཐུང་ཡུས་སྤྱི་ཁྱབ་པུས་བཏང་བའི་བཟོ་སྐྲུན་ཆེ་མོ་བ་ཞིག་གིས་གསར་འགོད་པར“ཀྲུང་གོ་ནས་ནང་འདྲེན་བྱས་པའི་ལྷུ་ལག་རྣམས་འཁོར་ཁང་དུ་སླེབས་རྗེས་ཞིབ་དཔྱད་ནན་པོ་བྱས་ཏེ་སྐྱེལ་འདྲེན་བྱེད་རིང་གནས་ཚུལ་གང་ཡང་མི་ཐོན་པ་བྱེད་དགོས། བཟོ་པ་ཚོས་བཟོ་རིམ་ལ་ནན་པོ་གཞིགས་ཏེ་ལྷུ་ལག་ཡོད་དོ་ཅོག་ལ་ཞིབ་དཔྱད་བྱེད་པ་དང་ཆབས་ཅིག བརྒྱུད་རིམ་མི་རེ་ངོ་རེ་ཐོ་འགོད་བྱས་ཏེ་སྤུས་ཚད་ཀྱི་ཚད་གཞི་ལོན་པ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
         སྒྲིག་སྦྱོར་ཐོན་སྐྱེད་འཁོར་ཁང་གི་རི་ཀིའི་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་ཆེན་ནས་ཐོན་པའི་ས་གནས་དེ་གའི་བཟོ་པ་ལུའོ་པོ་ཐེ·ཝུའེ་ཁེ་སི་ནཱས་ལས་ཀ་བྱེད་འཕྲོ་བཞག་སྟེ་གསར་འགོད་པར་ཁོང་གིས་ཐུང་ཡུས་ཀུང་སིར་ལས་ཀ་བྱས་པའི་མྱོང་ཚོར་གླེང་བ་སྟེ། “ང་ལོ་གཉིས་དང་ལོ་ཕྱེད་གོང་ཐུང་ཡུས་ཀུང་སིར་ལས་ཀར་ཡོང་བ་ཡིན། ང་ལས་ཀ་འདིར་དགའ་པོ་ཡོད། ཀུང་སིའི་སྤྱི་ཁྱབ་པུའུ་ནས་དུས་བཀག་ནང་མཐོ་རིམ་བཟོ་སྐྲུན་ཆེན་མོ་བ་ང་ཚོར་གསོ་སྦྱོང་བྱེད་པར་གཏོང་གི་འདུག་པས་ལག་རྩལ་མང་པོ་ཤེས་བྱུང་། ལྷག་པར་དུ་འཕྲིན་གཏོང་དང་རླབས་ཕྲན་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་དང་ལག་ལེན་གྱི་ཉམས་མྱོང་མང་པོ་ཞིག་གསོག་ཐུབ་བྱུང”ཞེས་བཤད།
         “2013ལོར་ཀུང་སིས་ཁེ་ལས་ཐོ་འགོད་བྱས་པ་དང་། 2014ལོའི་ལོ་དཀྱིལ་དུ་ཐོན་སྐྱེད་བརྒྱུད་རིམ་ཚང་མ་ལེགས་སྒྲུབ་བྱས་པ་དང་ལོ་དེའི་ཟླ་9པར་ཐོན་རྫས་ཁག་དང་པོ་རྩིས་སྤྲད་པ། 2015ལོར་ཐོན་སྐྱེད་བྱེད་འགོ་བཙུགས་པ། 2016ལོར་གནམ་སྐུད་4000ཐོན་སྐྱེད་བྱས་ཡོད། ཐུང་ཡུས་འཕྲིན་གཏོང་ལ་ཐེ་ཝེ་ཡ་ཚད་ཡོད་ཀུང་སི་ནི་ཐུང་ཡུས་འཕྲིན་གཏོང་གིས་ཕྱི་རྒྱལ་དུ་བཙུགས་པའི་ཐོན་སྐྱེད་རྟེན་གཞི་དང་པོ་དེ་ཡིན་ཞིང་། ཀུང་སི་དེ་བསྐྲུན་པ་ནས་བཟུང་ཏན་ཏན་ཏིག་ཏིག་ངང་ལས་ཀ་བསྒྲུབས་པ་དང་འཐབ་ཇུས་ལ་སྐུལ་འདེད་བརྟན་པོ་བཏང་བས་རིམ་གྱིས་ཡོ་རོབ་ཀྱི་ཁྲོམ་རའི་འཁོར་སྐྱོད་བྱེད་སྟངས་དང་འཚམ་ཡོད”ཅེས་ཝང་ཧུས་ཆིའུ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།