འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཆ་སྒྲིག་གཉེན་འཚོལ་བྱས་ནས་ཏང་དང་མང་ཚོགས་ཀྱི་སེམས་སྦྲེལ་ཟམ་པ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཞོགས་པ་སྔ་པོ་ནས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་རྩ་གྲོང་ཚོའི་བགྲེས་སོང་བསོད་ནམས་བག་བྲོས་ཕོར་པའི་ནང་ཇ་བསྲུབས་མ་བླུགས་ནས་སྤགས་གཡོ་བཞིན་དུ་ཉིན་གཅིག་གི་འཚོ་བ་སྐྱེལ་འགོ་ཚུགས། “འབྲས་སྣུམ་ལ་སོགས་རྫོགས་མེད་ཀྱང་སླར་ཡང་སྐྱེལ་བར་སླེབས་པ་མ་ཟད། ང་ལ་ད་དུང་ན་ཚ་ལྟ་རོགས་དང་། སྨན་ཉོ་བ། ཁྱིམ་ཆས་ཉོ་བ་བཅས་བྱས་བྱུང་བས་དངོས་གནས་ངའི་གཉེན་ཉེ་རེད་འདུག”ཅེས་ཆ་སྒྲིག་གཉེན་འཚོལ་གྱི་གྲོང་སྡོད་ལས་བྱེད་པ་ཧྲང་ཅུན་ཞ་ཡི་སྐོར་གླེང་སྐབས་བགྲེས་སོང་གིས་སེམས་འགུལ་ཐེབས་པའི་ངང་བརྗོད།
           ཧྲང་ཅུན་ཞ་ནི་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་རྩ་གྲོང་ཚོར་བཅའ་སྡོད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཡིན། རྩ་གྲོང་ཚོར་འབྱོར་རྗེས་ཁོང་གིས་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་དུད་ཚང་གཉིས་ཀྱི་མང་ཚོགས་དང་ཆ་སྒྲིག་བྱས་ཏེ་གནད་སྨིན་རོགས་སྐྱོར་བྱས་པ་རེད། བགྲེས་སོང་བསོད་ནམས་བག་བྲོ་ཁྱིམ་དུ་ལྟོ་ཆས་བཟོ་ཁག་པོ་ཡོད་པ་ཤེས་རྗེས་ཁོང་གིས་གློག་རྡིག་གཅིག་ཉོས་པ་དང་བགྲེས་སོང་ནད་ལྟ་བར་དཀའ་ངལ་ཡོད་པ་ཤེས་རྗེས་ཁོང་གིས་བྲེལ་འཚུབ་ཆེན་པོས་སྨན་ཉོ་བ་དང་ནད་ལྟ་རོགས་བྱས་པས་མང་ཚོགས་སེམས་ནང་གི་གཉེན་ཉེ་དངོས་སུ་གྱུར་ཡོད།
           “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལག་ལེན་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན། བོད་ཀྱིས་གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་བྱས་ནས་ཏང་ཡོན་ལས་བྱེད་པ་དུས་མཚམས་དབྱེ་བ་དང་ཁག་བགོས་བྱས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང“ཆ་སྒྲིག”བྱེད་པ་དང་། དབུལ་པོ་ཆགས་རྐྱེན་དབྱེ་ཞིབ་བྱས་ནས་དབུལ་སྒྲོལ་བསམ་ཕྱོགས་ཞིབ་འཇུག་བྱས་པ་རེད།
          “ཆེ་ས་ནས་བརྗོད་ན། གྲོང་སྡོད་བྱ་རྒྱུ་ནི་གཞི་རིམ་གྱི་མང་ཚོགས་ཡོངས་དང་གྲོགས་པོ་སྒྲིག་པ་དང་ཁོང་ཚོའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་ཆེད་ཡིན”ཞེས་ཧྲང་ཅུན་ཞ་ཡིས་བཤད། ཁོང་གིས“ལས་དོན་རུ་ཁག་གིས་གྲོང་ཚོར་རོགས་རམ་བྱས་ནས་མཉམ་ལས་ཁང་བཙུགས་པ་དང་། སྨན་སྤོས་ཞིབ་འཇུག་དང་ཕྱིར་ཚོང་བྱས་པ་ཁོ་ནས་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2300ཟིན་ཡོད”ཅེས་བཤད། མིག་སྔར་ལས་དོན་རུ་ཁག་གིས་གྲོང་ཚོའི་ནང་དྲ་བ་འཁྲིད་རོགས་བྱེད་ཀྱི་ཡོད་པ་དང་དྲ་ཐོག་ཕྱིར་ཚོང་གི་ལས་སྟེགས་གྲ་སྒྲིག་བྱས་ཏེ་སྨན་སྤོས་སྔར་བས་ཁྱབ་གདལ་བཏང་ནས་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
           གཞིས་རྩེ་གྲོང་ཁྱེར་དུ་ཏང་ཡོན་ལས་བྱེད་པ་དང་ཆ་སྒྲིག་གཉེན་འཚོལ་བྱེད་པའི་མང་ཚོགས་ཀྱི་ལག་ཐོག་ཏུ་དམངས་བདེ་དམངས་ཕན་གྱི“སེམས་སྦྲེལ་གཱ”ཞིག་ཡོད་པ་དང་། དེའི་ཐོག་ལས་བྱེད་པའི་གཞི་རྩའི་ཆ་འཕྲིན་དང་། ཞབས་ཞུའི་ནང་དོན། རོགས་སྐྱོར་བྱ་ཡུལ་གྱི་གནས་ཚུལ་སོགས་དོན་ཚན་འཁོད་ཡོད། ནད་ལྟ་བ་དང་། སློབ་གྲྭར་སྐྱོད་པ། ལས་ཞུགས་སོགས་ཀྱི་དངོས་ཡོད་དཀའ་ངལ་འཕྲད་སྐབས་མང་ཚོགས་ཀྱིས་ཐད་ཀར་རང་ཉིད་དང་ཆ་སྒྲིག་བྱས་པའི་ལས་བྱེད་པ་བཙལ་ནས་རོགས་སྐྱོར་རེ་ཞུ་བྱེད་ཆོག་གི་ཡོད།
            བཟའ་ཟླ་རླངས་འཁོར་ལས་འཛོལ་ཐོན་ནས་གྲོངས་རྗེས། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་མང་ཚོགས་སྐྱིད་ཆུང་ལ་རེ་ཞིག་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ནས་འཁྱོལ་དཀའ་བའི་གནས་སུ་གྱུར། ཆ་སྒྲིག་ལས་བྱེད་པའི་རོགས་སྐྱོར་འོག་ཁོང་གིས་ཇ་ཁང་ཆུང་ངུ་ཞིག་བཙུགས་པ་དང་། ཟླ་རེར་ད་དུང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཡོང་འབབ་ཡོད་པས་རིམ་བཞིན་སྡུག་བསྔལ་ལས་གྲོལ། སྐྱིད་ཆུང་གིས“ངའི་མཐའ་འཁོར་གྱི་འཚོ་བར་དཀའ་ངལ་ཡོད་པའི་མི་ཚང་མར་ཆ་སྒྲིག་ལས་བྱེད་པ་རེ་ཡོད་པས་ཁོང་ཚོ་ནི་ང་ཚོའི་གཉེན་ཉེ་ལྟར་ཡིན”ཞེས་བཤད།
           མང་ཚོགས་དང་སྔར་བས་འབྲེལ་བ་དང་ཞབས་ཞུ་ཡག་པོ་བྱ་ཆེད། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཏང་ཡོན་དང་བླངས་པའི་ཞབས་ཞུའི་རུ་ཁག་དང་ཏང་ཡོན་གདོང་ལེན་ཞབས་ཞུའི་ས་ཚིགས་བཙུགས་པ་རེད། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་རྫོང་དེ་ཡོངས་ཡུག་སྦྲེལ་ཁུལ་7དུ་དབྱེ་ནས་ཡུག་སྦྲེལ་ཁུལ་ཚང་མར་འགན་ཁུར་བ་རེ་གཏན་འཁེལ་བྱས་ནས་མང་ཚོགས་ལ་མིང་དང་། ལས་ཁུངས། ལས་གནས། ཁ་པར་ཨང་གྲངས་བཅས་ཡོངས་བསྒྲགས་བྱས་པ་རེད། ད་དུང“རྒན་གྲས་གསུམ”གྱི་མི་སྣ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཁྲོད་ནས་དབང་གྲགས་ལྡན་པ་དང་གཞི་རིམ་གྱི་ལས་ཀར་རྒྱུས་མངའ་ཡོད་པའི་མི་ཡུག་སྦྲེལ་ཁུལ་གྱི་ཆ་འཕྲིན་བར་བདམས་ནས་མང་ཚོགས་ཀྱི་རེ་འབོད་དུས་ཐོག་ཏུ་རྒྱུས་མངའ་དང་བརྡ་ལན་བྱེད་ཀྱི་ཡོད།
           “མིག་སྔའི་བར་བོད་དུ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དབུལ་པོ་ཁྲི་13ལྷག་ཙམ‘ཆ་སྒྲིག’བྱས་ནས་མང་ཚོགས་དབུལ་པོའི་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་གཏོང་རོགས་བྱེད་ཀྱི་ཡོད”བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་སྐོར་གཟིགས་པ་ལི་ཞའོ་ཉིང་གིས“འདི་ནི་ཏང་ཡོན་ལས་བྱེད་པས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན། ཏང་ཡོན་དང་ལས་བྱེད་པའི་འབྲེལ་བ་ཟབ་ཏུ་སོང་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།