འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཤོ་མང་གྲོང་ཚོའི་གྲོང་མིའི་བསམ་འདུན་ཏེ"ཁོར་ཡུག་ལེགས་སུ་ཕྱིན་ཚེ་སྐུ་མགྲོན་ལོས་
    ཀྱིས་འཁོར་ཡོང"

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཞོགས་པ། ཟླ་6པའི་ཉི་འོད་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་ཤོ་མང་གྲོང་ཚོར་འཕྲོས། སྡེ་ཁར་ལངས་ནས་རྒྱང་ལྟ་བྱེད་སྐབས་གཡུ་མདོག་བཀྲ་བའི་རྩྭ་ཐང་དང་རབ་ཏུ་བཞད་པའི་རི་སྐྱེས་མེ་ཏོག་ལས་འདི་གའི་ལོ་གཅིག་ནང་གི་ཆེས་མཛེས་ཤོས་ཀྱི་དུས་ཚིགས་ཤར་བ་མངོན་ཡོང་།
           ལོ་ན་55ལ་སླེབས་པའི་རིན་ཆེན་ཚེ་རིང་ལ་ས་མཐོའི་རྩྭ་ཐང་གི་མཛེས་པ་དེ་དག་ལ་མྱོང་རོལ་བྱེད་པའི་ཁོམ་པ་བྲལ། ཁོང་གིས་ཕྱགས་མ་ཁྱེར་བཞིན་གྲོང་མི་རྣམས་འབོད་དེ་གྲོང་ཚོ་ཡོངས་ལ“གད་བདར་ཆེ་མོ”བྱས། 2016ལོ་ནས་བཟུང་། བོད་རྒྱ་ཧུད་བཅས་མི་རིགས་མང་པོ་འདུས་སྡོད་ཀྱི་གྲོང་ཚོ་དེའི་གྲོང་མི་ཚོགས་ཆུང་10ལ་བགོས་ནས་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁུར་རེས་བྱེད་ཀྱི་ཡོད། གཟའ་འཁོར་འདི་ཏག་ཏག་རིན་ཆེན་ཚེ་རིང་ཁོང་ཚོའི་ཚོགས་ཆུང་ལ་འཁོར།
          “གད་བདར་ཆེ་མོ”ཚ་ཚ་འུར་འུར་ངང་ཆུ་ཚོད་གཉིས་ཙམ་བྱས་རྗེས་རིན་ཆེན་ཚེ་རིང་དང་དུད་ཚང་8ཀྱི་གྲོང་མི་ཚོས་རང་ཉིད་ཀྱིས་འགན་ཁུར་སའི“ཡུག་ཁུལ”གཙང་ཕྱགས་བྱས། སྡེ་ཁར་ལངས་ནས་ལྟ་སྐབས་ཁོད་སྙོམས་པའི་ཨར་འདམ་ལམ་བུ་དུད་ཚང་ཚང་མའི་སྒོ་ཁར་བསྣུར་ཡོད་པ་དང་། རང་རང་གི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་གྲལ་སྟར་འགྲིག་ལ་དྲོ་སྐྱིད་ལྡན་པ་མ་ཟད། གསར་འགོད་པའི་མིག་རྒྱང་ནང་གད་སྙིགས་ལྷེབ་ཙམ་མི་འདུག
          ལོ་གཉིས་ཀྱི་གོང་དུ། གཙོས་གྲོང་ཁྱེར་ནས་རླངས་འཁོར་བསྡད་ན་སྐར་མ་བཅུ་ཡང་མ་འགོར་བའི་གྲོང་ཚོ་འདིར་ས་རྡོའི་ལམ་བུ་ཞིག་རང་ལས་མེད་པ་དང་། རྩྭ་སྙིགས་དང་། ལྕི་བ། གད་སྙིགས་སོགས་གང་སར་དབྱུགས་ནས་མི་སེར་ཚོ“གནམ་དྭངས་དུས་ལུས་པོ་རྡུལ་གྱིས་འཚོས་པ་དང་ཆར་དུས་སུ་ལུས་པོ་འདམ་གྱིས་ཁེངས་པའི”ཁོར་ཡུག་ཏུ་འཚོ་སྡོད་བྱེད་ཀྱི་ཡོད་པ་སུ་ཡི་བསམ་པའི་ཡུལ་ལ་འཁོར་སྲིད། “ང་ཚོའི་འདི་གར་དུང་ཕྲུག་རྩྭ་ཐང་སོགས་དང་ཐག་ཉེ་ཡང་ཡུལ་སྐོར་བ་ཚོས་ཁོར་ཡུག་དེ་འདྲ་ཞིག་མཐོང་དུས་ལྟོ་ཐེངས་གཅིག་ཟ་བ་ཙམ་ལས་ཞག་སྡོད་བྱེད་མཁན་མེད”ཅེས་རིན་ཆེན་ཚེ་རིང་གིས་དྲང་པོར་བཤད།
          དོན་དངོས་ཐོག་གནད་དོན་དེ་ཡང་དེ་སྔོན་ཀན་ལྷོ་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་ཚོད་འཛིན་བཟོ་བའི་དཀའ་གནད་ཅིག་རེད།
          ཀན་སུའུ་དང་མཚོ་སྔོན་སི་ཁྲོན་བཅས་ཞིང་ཆེན་གསུམ་སྦྲེལ་མཚམས་སུ་གནས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དེ་ནི་འབྲི་ཆུ་དང་རྨ་ཆུ་ལང་ལོང་དུ་རྒྱུག་པའི་ཁྲོད་ཆགས་པའི་མཛེས་རིས་ཤིག་དང་འདྲ་བར་ཡུལ་ལྗོངས་ལྟ་ན་སྡུག་པས་ནུབ་རྒྱུད་ཀྱི་ཡིད་དབང་འགུགས་ནུས་ཆེ་ཤོས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་ཏུ་བརྩི་ཡི་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་། “ལྟོ་གོས་ཁོ་ན་བསམས་པ་ལས་མཛེས་ལྗོངས་མ་བསམས་པའི”སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་དང་སྲོལ་ངན་དབང་གིས་རང་བྱུང་ཁམས་ཀྱི་བཀའ་དྲིན་ལས་བྱུང་བའི་མཛེས་སྡུག་ལྡན་པའི་རི་ཆུ་དེ་དག་གི་མཛེས་པ་ཡོངས་སུ་ཉམས། རྩྭ་ཐང་དང་། ལམ་བུ། གཙང་པོ། ཆུ་ཡུར་བཅས་གང་སར་གད་སྙིགས་ཀྱིས་ཁེངས་བ་མ་ཟད། ཁྲོམ་གཞུང་དང་སྲང་ལམ་དང་། གྲོང་ཚོའི་ཕྱི་ནང་། མཛེས་ལྗོངས་ཁུལ་བཅས་སུ་གད་སྙིགས་ཕུང་གསོག་ཐེབས་ཡོད། དེ་བཞིན་གང་བྱུང་དུ་གད་སྙིགས་དབྱུགས་པ་དང་། ཡིག་རིས་འབྲི་བ་དང་སྦྱར་བ། ཁང་པ་རྒྱག་པ། ཤིང་གཅོད་པ་སོགས་ཀྱི་སྣང་ཚུལ་བར་མེད་ཐོན་པ་དང་། ཞིང་འབྲོག་གྲོང་ཚོར“མི་ཕྱུགས་མཉམ་སྡོད”བྱེད་པའི་སྲོལ་རྙིང་གི་ལྟ་བ་མཁྲེགས་པོ་ཡོད་པ་རེད།
          2015ལོ་ཚུན་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གཞི་ཁྱོན་ཤིན་ཏུ་ཆེ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཏེ“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་གད་སྙིགས་མེད་པའི་དཔེ་སྟོན་ཁུལ”བཏོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དེ་དྲ་མིག་ཅན་གྱི་དོ་དམ་མ་ལག་དང་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་གྲོང་ཁུལ་དང་། ཤང་གྲོང་། གྲོང་ཚོ་དང་ཚོགས་ཆུང་། གཞུང་ལམ་ལམ་རྒྱུད། མཛེས་ལྗོངས་ཁུལ། གཙང་པོ་དང་ཆུ་ཁོངས་བཅས་ཡུག་བགོས་འགན་ལེན་བྱ་རྒྱུ་ལག་ལེན་བསྟར་ཡོད། དེ་དང་དུས་མཚུངས་ལོ་ལྟར་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་འཚམ་པའི་རང་བྱུང་གྲོང་ཚོ་60བདམས་ཏེ་ཡུལ་སྐོར་ཆེད་ལས་གྲོང་ཚོར་བརྩིས་ནས་རིམ་པ་Aཡི་མཛེས་ལྗོངས་ཁུལ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་རེད།
         2016ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་མ་རྩ་སྒོར་དུང་ཕྱུར་33.3བསྡུ་སྒྲིལ་བྱས་ཏེ་གཙོ་གནད་ཐོག་གྲོང་གསེབ་ཀྱི་གཞུང་ལམ་དང་། རླངས་འཁོར་འཇོག་ས། ཡུལ་སྐོར་གསང་སྤྱོད། ཡུལ་སྐོར་གྱི་མཚོན་རྟགས་བྱང་བུ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ཡོད། ལོ་དེར་ཀྲོའུ་ཡོངས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལས་བརྒལ་ནས་དུས་མཚུངས་ལས་30.27%འཕར་བ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོངས་འབབ་སྒོར་དུང་ཕྱུར་46.78ཟིན་པ་རེད།
          “ཁོར་ཡུག་ལེགས་སུ་ཕྱིན་པ་དེ་ང་ཚོས་གཅེས་སྐྱོང་དང་རྒྱུན་འཁྱོངས་བྱེད་དགོས། དེ་འདྲ་བྱས་ཚེ་གཞི་ནས་སྐུ་མགྲོན་འཁོར་ཐུབ། འདི་ནི་གྲོང་མི་ཚང་མའི་གཅིག་མཐུན་གྱི་བསམ་འདུན་ཡིན”ཞེས་རིན་ཆེན་ཚེ་རིང་གིས་བཤད།
          2017ལོར་དེ་སྔ་ལོ་མང་རིང་ཕྱི་ལ་ཚོང་གཉེར་བྱེད་མྱོང་བ་དང་མི་ཚང་མས་ཁས་ལེན་བྱེད་པའི“ཕྱུག་འགྱུར་སྣེ་ཁྲིད་པ”རིན་ཆེན་ཚེ་རིང་གིས་སོ་སོས་སྒོར་ཁྲི་150གྲབས་གསོག་བྱས་ཏེ“བོད་ཁྱིམ་སྤྲོ་སྐྱིད་ཁང”བཙུགས་པ་རེད།
         “ནང་མི་གསུམ་གྱིས་ངའི་འདི་གར་སྒོར་100ཡིས་ཁ་ལག་རྒྱགས་ཚད་ཟ་ཆོག ད་ལྟ་ཁ་ལག་ཟ་མཁན་ཡུལ་སྐོར་བས་ང་ལ་ཞག་སྡོད་བྱེད་ཆོག་མིན་སྐད་ཆ་འདྲི་ཡི་འདུག་པས། རྗེས་མར་ང་ཚོའི་འཚོ་བ་སྔར་བས་ཡག་ཏུ་འགྲོ་ངེས་རེད། སྔོན་མའི་ཁོར་ཡུག་དེ་འདྲར་བལྟས་ན་བསམ་བློ་འདི་འདྲ་ག་ནས་གཏོང་ཕོད”ཅེས་རིན་ཆེན་ཚེ་རིང་གིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ལས་སྒོ་རྒྱ་སྐྱེད་བཏང་ནས་ཞག་སྡོད་བྱེད་ས་བསྐྲུན་རྩིས་ཡོད་ཚུལ་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།