འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཡང་རྩེར་ཚན་རིག་རྟོག་ཞིབ་བྱེད་པའི་སེར་གླིང་མཚོའི་སྒར་ས་ཆེ་མོར་བཅར་
    འདྲིར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཛམ་གླིང་ཡང་རྩེར་ཚན་རིག་རྟོག་ཞིབ་བྱེད་པའི་སེར་གླིང་མཚོའི་སྒར་ས་ཆེ་མོར་བཅར་
འདྲིར་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན། གཡུ་ཡི་མཎྜལ་ཕྱིས་འདྲའི་སེར་གླིང་མཚོའི་མཚོ་ངོགས་སུ་གྱུར་ཁྲ་ཁྲ་སིལ་སིལ་བཅུ་ཕྲག་ཁ་ཤས་ཕུབ་ཡོད། མི་ཁག་གཅིག་གིས་འགྱིག་གྲུ་དང་ཚད་འཇལ་དཔྱད་ཆས་སྣ་ཚོགས་ཁྱེར་ནས་གུར་དང་མཚོ་ངོགས་དབར་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས། བྲེལ་བརྩོན་ཆེ་བའི་མི་དེ་དག་ནི་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་མཁན་གྱི་མཚོ་དང་གཙང་པོའི་ཆུ་འགོའི་རྟོག་ཞིབ་རུ་ཁག་གི་རུ་མི་རེད།
         ད་ལྟ་འགོ་ཚུགས་མ་ཐག་པའི་ཚན་རིག་རྟོག་ཞིབ་ལ་སྒར་ས་གསུམ་བརྒྱབ་ཡོད་ཅིང་། སེར་གླིང་མཚོའི་ལྷོ་ངོགས་ཀྱི་མཚོ་ངོགས་སྒར་ཆེན་ཕུད་ད་དུང་སྐུ་ལྷ་དར་མདོང་འཁྱག་རོམ་ཁུལ་གྱི་མཚོ་འགོའི་སྒར་ཆེན་དང་གཙང་འགོའི་སྒར་ཆེན་གཉིས་ཡོད། མཚོ་ངོགས་སྒར་ཆེན་ནི་སེར་གླིང་མཚོ་རྟོག་ཞིབ་ཁུལ་དུ་གནས་པའི་གཏན་འཇགས་ཀྱི་སྒར་ས་འབའ་ཞིག་དེ་ཡིན་པ་དང་ས་བབ་མཐོ་ཚད་སྨི་4500ཙམ་ཡོད་པ་རེད།
         ད་ཐེངས་མཚོ་དང་ཆུ་དཔྱད་གནམ་གཤིས་ལ་ཚན་རིག་རྟོག་ཞིབ་བྱེད་མཁན་རུ་ཁག་མཚོ་མོའི་ཚོགས་ཆུང་དུ་ཁོངས་མི་20ལྷག་ཙམ་ཡོད་པ་དེ་དག་ད་ལྟ་སེར་གླིང་མཚོའི་མཚོ་ངོགས་སྒར་ཆེན་ལ་གནས་བཅས་ཡོད། སྒར་སའི་འགན་འཁུར་བ་ཝང་ལུའུ་ཡིས་རུ་མི་དེ་དག་གིས་མཚོའི་གཏིང་གི་སྐྱེ་དངོས་བསྡུ་ལེན་གྱི་ལས་དོན་སྤེལ་བཞིན་ཡོད། ཚེས་19ཉིན་གྱི་དགོང་མོ། གནམ་གཤིས་ཚོགས་ཆུང་དང་སྐྱེ་དངོས་དང་སྣོད་བཅུད་འགྱུར་ལྡོག་རྟོག་ཞིབ་རུ་ཁག་གི་རུ་མི་མང་པོ་ཞིག་མཚོ་ངོགས་སྒར་ཆེན་དུ་ཡོང་བས། སྐབས་དེར་སེར་གླིང་མཚོར་ཚན་རིག་རྟོག་ཞིབ་འགོ་ཚུགས་ཚུན་གྱི་མི་སྣ་མང་ཤོས་ཀྱི་དུས་ཤིག་འཆར་སྲིད་ཅེས་ངོ་སྤྲོད་བྱས།
         མཚོ་ངོས་སུ་ལས་དོན་སྒྲུབ་སྐབས་རྟོག་ཞིབ་རུ་མིས་འགྱིག་གྲུ་གཏོང་དགོས་པ་དང་། གྲུ་རེའི་རིང་ཚད་ལ་སྨི་5ཡས་མས་ཟིན་པས་མི་6ནས་8བར་གཤོང་གི་ཡོད། མཚོ་ངོགས་སྒར་ཆེན་ནས་མཚོ་ངོས་ཀྱི་ལས་དོན་སྒྲུབ་སའི་ལས་སྟེགས་དབར་སྤྱི་ལེ་25ཙམ་ཡོད་པས་གྲུ་བཏང་ན་ཆུ་ཚོད་གཅིག་གཡས་གཡོན་འགོར་གྱི་ཡོད། ལས་འགན་ལྕི་པོ་ཡོད་སྐབས་རུ་མི་ཚོས་མཚོའི་དབུས་སུ་ཆུ་ཚོད་བདུན་བརྒྱད་ཙམ་ལས་དོན་བསྒྲུབས་རྗེས་སྨི་གཅིག་གཉིས་ཟིན་པའི་རྦ་རླབས་ཁྲོད་ལོག་ཡོང་དུས་སྤྱིར་ན་མཚན་དགུང་ཟིན་གྱི་ཡོད།
         སེར་གླིང་མཚོ་དེ་ཉིད་བོད་ལྗོངས་ཤན་རྩ་དང་། དཔལ་མགོན། ཉི་མ་བཅས་རྫོང་གསུམ་འབྲེལ་མཚམས་སུ་གནས་ཡོད་ཅིང་། མཚོ་ཁ་ཆེ་ཤོས་ལ་སྤྱི་ལེ་45.5ཟིན་པ་དང་། རིང་ཚད་ལ་སྤྱི་ལེ་77.7ཟིན་པ། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་2391ཙམ་ཟིན་གྱི་ཡོད།
         ལོ་བཅུ་ཕྲག་ཁ་ཤས་རིང་། མཚོ་བོད་ས་མཐོའི་མཚོ་མཚེའུ་ཁྲོད་རྒྱ་ཁྱོན་ལ་འགྱུར་ལྡོག་ཆེ་ཤོས་ཕྱིན་པ་ནི་སེར་གླིང་མཚོ་རེད། དེའི་རྒྱ་ཁྱོན་1976ལོ་ནས་ད་བར་40%ཙམ་ཆེ་རུ་ཕྱིན་ནས་ད་ཆ་བོད་ཀྱི་མཚོ་མོ་ཆེ་ཤོས་སུ་གྱུར་ཡོད། སེར་གླིང་མཚོ་རྒྱས་པ་དེས་མཚོ་ངོགས་དམའ་བའི་ཁུལ་གྱི་འབྲོག་ར་བསྣུབ་སྲིད་པ་མ་ཟད་ད་དུང་མཚོ་འགྲམ་གྱི་འགྲོ་ལམ་ལ་ཤུགས་རྐྱེན་ཡང་ཐེབས་སྲིད།
         སེར་གླིང་མཚོ་ཁྱབ་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་45530ཟིན་པ་དེ་ནི་བོད་ཀྱི་མཚོ་མཚེའུ་ཁྱབ་ཁུལ་ཆེ་ཤོས་ཤིག་ཡིན་ཞིང་། ས་མཐོའི་གྲང་ཁུལ་གྱི་ཕྱེད་ཐན་འགྱུར་གནམ་གཤིས་ཁུལ་ཡིན་པ་དང་། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི་290ནས་321བར་ཟིན་པ། ལོར་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་0.8ནས་1བར་ལས་ཟིན་གྱི་མེད་པ། ལོ་རེར་ལྷགས་པ་ཆེན་པོ་རྒྱག་པའི་ཉིན་གྲངས་103ནས་132བར་ཟིན་གྱི་ཡོད། ས་ཁུལ་འདི་ནི“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ལྟེ་བའི་ཁུལ་གྱི་གྲས་ཤིག་ཡིན་ལ་རང་རྒྱལ་གྱི་ཆུ་བོ་ཆེ་ཤོས་འབྲི་ཆུའི་ཆུ་འགོའང་ཡིན་པ་རེད།
         འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་དང་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་གིས་རྐྱེན་པས་སེར་གླིང་མཚོ་ཁྱབ་ཁུལ་དུ་ཆུ་དཔྱད་དང་། རླུང་ཁམས། སྔོ་ཁེབས། སྣོད་བཅུད་ཁོར་ཡུག་བཅས་ཀྱི་ལྟ་དཔྱད་ཚད་འཇལ་དང་ཞིབ་འཇུག་ལས་དོན་སྤེལ་རྒྱུར་ཚད་བཀག་ཐེབས་པས། གནམ་གཤིས་དཔྱད་གཞིའང་མང་ཆེ་བ་དཔལ་མགོན་དང་ཤན་རྩའི་ལྟ་དཔྱད་ཚད་འཇལ་ལ་བརྟེན་དགོས་ཀྱི་ཡོད། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱིས་སྐོང་ཆ་མང་པོ་ཞིག་བསྐངས་ཏེ་གྲངས་གཞི་དང་དཔྱད་གཞིའི་ཡིག་རིགས་མང་པོ་ཞིག་གསོག་ཐུབ་རྒྱུ་རེད།
         སེར་གླིང་མཚོ་ནི་ས་མཐོའི་གྲང་ཁུལ་གྱི་རྩྭ་ཐང་སྣོད་བཅུད་མ་ལག་ཁྲོད་རྩ་ཆེ་ཞིང་སྟོངས་ཉེའི་སྐྱེ་དངོས་རིགས་མང་ཤོས་ཡོད་པའི་ཁུལ་ཞིག་ཡིན་པ་དང་། འཛམ་གླིང་ཐོག་གི་ཁྲུང་ཁྲུང་སྐེ་ནག་གི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས་དེའང་ཡིན། མཚོ་ངོགས་སྒར་ཆེན་ཉེ་འགྲམ་དུ་གཙོད་སོགས་རྩ་ཆེ་བའི་རི་དྭགས་མང་པོ་ཞིག་ཡང་སེ་ཐོན་གྱི་ཡོད་པ་དང་དེ་དག་གིས་ལས་དོན་སྒྲུབ་བཞིན་པའི་ཚན་རིག་རྟོག་ཞིབ་རུ་མིར་ཡ་མཚན་ཆེན་པོས་ལྟ་ཡི་ཡོད་པ་རེད། གོང་གི་པར་རིས་ནི་མཚོ་འགྲམ་དུ་ཅི་དགར་རོལ་བཞིན་པའི་གཙོད་ཡིན་པ་རེད།
    སེར་གླིང་མཚོའི་ལྷོ་ངོས་མཚོ་འགྲམ་གྱི་སྒར་ས་ཆེ་མོ།
    སེར་གླིང་མཚོའི་ལྷོ་ངོས་མཚོ་འགྲམ་གྱི་སྒར་ས་ཆེ་མོ།
      

    ཕྱོགས་བསྡུས་གསར་འགྱུར།