འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཝ་ཧྲེང་ཐོན་དུ་ཀྲུང་གོ་དང་ཨ་རིའི་ཕྱི་འབྲེལ་བདེ་འཇགས་སྐོར་གྱི་རེས་སྐོར་དང་པོའི་གླེང་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ས་ཆ་དེ་གའི་དུས་ཚོད་ཚེས་21ཉིན་རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེས་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་དང་རྒྱལ་སྲུང་པུའུ་ཀྲང་མ་ཏི་སི་དང་ཝ་ཧྲེང་ཐོན་དུ་རེས་སྐོར་དང་པོའི་ཀྲུང་གོ་དང་ཨ་རིའི་ཕྱི་འབྲེལ་བདེ་འཇགས་སྐོར་གྱི་གླེང་མོལ་ལྷན་དུ་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་མཉམ་འབྲེལ་ཚན་མོའུ་པུའུ་ཡི་ཚན་མོའུ་ཀྲང་ཕང་ཕུང་ཧུའེ་སོགས་ཞུགས་པ་རེད།
          དབྱང་ཅེ་ཁྲེས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུ་རྣམ་གཉིས་ཀྱིས་མཚོ་མཚེའུ་གཞིས་ཀར་གྲུབ་འབྲས་ཐོབ་པའི་ངང་ཐུག་འཕྲད་གནང་ནས་དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁ་ཕྱོགས་གསལ་སྟོན་གནང་བ་དང་འཆར་གཞི་བཏིང་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གྱི་ཁྲིད་སྟོན་འོག་ད་ཕན་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་གསར་པ་བྱུང་བ་དང་ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་བརྟན་པོ་ཆུད་དེ་ཀྲུང་གོ་དང་ཨ་རིའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
           ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གལ་ཆེན་ལ་མུ་མཐུད་གཞིགས་ནས་གཉིས་ཁེ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་འགལ་དོ་དམ་ཚོད་འཛིན་བྱེད་པ་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་ལྷིང་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་དམ་ཟབ་བྱ་རྒྱུ་དེ་གལ་འགངས་ཧ་ཅང་ཆེ་བ་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཟླ་7པར་འཚོག་རྒྱུའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧན་པའོ་དབུ་ཚོགས་རིང་གི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུག་འཕྲད་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོན་ངེས་ཡིན་ལ་ཙུང་ཐུང་ཐེ་རོན་ཕུའུ་ཡིས་འདི་ལོའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་ཡིད་ཆེས་ཡོད་པའི་ངོས་འཛིན་གནང་བ་རེད། ཕྱོགས་གཉིས་པོས་འདི་ལོའི་ནང་ཕྱོགས་ཡོངས་ཀྱི་དཔལ་འབྱོར་དང་། ཁྲིམས་སྐྱོང་དང་དེ་བཞིན་དྲ་རྒྱའི་བདེ་འཇགས། སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་རིམ་པ་མཐོ་བའི་གླེང་མོལ་ལམ་སྲོལ་གཞན་དག་གསུམ་གྱི་རེས་སྐོར་དང་པོའི་གླེང་མོལ་གནང་རྒྱུར་རེ་སྒུག་གནང་བ་རེད།
          ཀུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་པོས་ཕན་ཚུན་གྱི་འཐབ་ཇུས་འདོད་འདུན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་ཀྲུང་གོའི་འཐབ་ཇུས་ཀྱི་འདོད་འདུན་ཧ་ཅང་གསལ་པོ་ཡོད་པ་སྟེ། རང་ངོས་ཀྱི་བདག་དབང་དང་། བདེ་འཇགས་། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ཡག་པོ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཧུར་ཐག་བྱ་རྒྱུ་དེ་ཡིན། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་ལས་གཉིས་ཕན་ལྟེ་བར་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
           ཕྱོགས་གཉིས་པོས་ལོ་འཁོར་གྱི་སྤེལ་རེས་མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུའི་མོས་མཐུན་གནང་བ་དང་རྒྱལ་ཁབ་གཉིས་པོའི་རྒྱལ་སྲུང་པུའུ་ཀྲང་དབར་གྱི་འཚམས་འདྲི་ཞུ་རེས་དང་ཨ་དམག་གི་ཚན་མོའུ་ཀྲང་མཉམ་འབྲེལ་ཚོགས་འདུའི་ཀྲུའུ་ཞིས་ཀྲུང་གོར་འཚམས་འདྲི་གནང་རྒྱུ་སྔ་ཙམ་མངོན་འགྱུར་བྱ་རྒྱུ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་གེགས་སེལ་དང་། མཚོ་ཇག་ལ་ངོ་རྒོལ་བྱེད་པ། དམག་དོན་གསོ་རིག་སོགས་ཐུན་མོང་གི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཏེ་ཡིད་ཆེས་བྱེད་ཐབས་དོན་འཁྱོལ་གྱི་བསམ་ཤེས་དྲན་ཐོ་བཟོ་རྒྱུར་འབད་བརྩོན་བྱ་རྒྱུའི་མོས་མཐུན་གནང་བ་རེད།
          ཀྲུང་གོ་ཕྱོགས་ཀྱིས་གླེང་མོལ་གནང་རིང་ཐའེ་དབན་དང་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་དང་དེ་བཞིན་ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་དམ་བཅའ་བརྟན་པོར་སྲུང་བ་དང་གོང་གསལ་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་གལ་ཆེའི་རང་བཞིན་ནན་བཤད་གནང་བ་རེད། ཨ་རི་ཕྱོགས་ཀྱིས་ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཨ་རིས་བོད་འདི་ཉིད་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་གྱི་ཡོད་ལ་ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱེད་མི་སྲིད་ཅེས་གསུངས་པ་རེད།
         ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས། གྲོས་མོལ་དང་གྲོས་བསྡུར་བྱེད་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་ལངས་ཕྱོགས་མཐའ་འཁྱོངས་བཅས་བྱ་རྒྱུའི་བསྐྱར་བཤད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཧན་གོར“ས་ཏེ”མ་ལག་བཀོད་སྒྲིག་ལ་ངོ་རྒོལ་བྱ་རྒྱུ་བསྐྱར་བཤད་གནང་བ་དང་འབྲེལ་ཡོད་བྱེད་སྤྱོད་སྤེལ་མཚམས་འཇོག་པ་དང་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་གནང་བ་རེད།
          ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ནན་ཧྲ་གླིང་ཚོམ་དང་དེ་བཞིན་དེའི་ཉེ་འགྲམ་གྱི་མཚོ་ཁོངས་ཐད་ཀྲུང་གོར་རྩོད་ཐབས་མེད་པའི་བདག་དབང་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་རང་ངོས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་དབང་ཡོད། དེ་དང་དུས་མཚུངས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཐད་ཀར་འབྲེལ་བ་ཡོད་པའི་དོ་བདག་རྒྱལ་ཁབ་དང་གྲོས་མོལ་བྱེད་པ་བརྒྱུད་ཞི་བའི་སྒོ་ནས་རྩོད་གླེང་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་བདག་དབང་གི་རྩོད་གླེང་གནད་དོན་ཐད་ལངས་ཕྱོགས་གང་ཡང་མི་འཛིན་རྒྱུའི་དམ་བཅའ་བརྟན་པོ་སྲུང་དགོས་པ་དང་ཀྲུང་གོའི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་བརྩི་འཇོག་ཞུ་བ་དང་ས་ཁུལ་དང་རྒྱལ་ཁབ་ཀྱིས་ཞི་བའི་གྲོས་མོལ་བྱེད་པ་བརྒྱུད་འབྲེལ་ཡོད་རྩོད་གླེང་ཐག་གཅོད་བྱེད་པར་བརྩི་འཇོག་ཞུས་ཏེ་ས་ཁུལ་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཕྱོགས་གཉིས་པོས་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དུས་བབ་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།