འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་ཆེས་མཐོའི་ཁྲིམས་ཁང་གིས“ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”བརྒྱུད་རིམ་
    གྱོད་གཞིར་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་དབྱིན་ཇིའི་ཆེས་མཐོའི་ཁྲིམས་ཁང་གིས“ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”བརྒྱུད་རིམ་གྱོད་གཞིར་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་ཏེ“ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”བརྒྱུད་རིམ་དེ་ལག་ལེན་བསྟར་བར་གྲོས་ཚོགས་ཀྱིས་ཆོག་མཆན་སྤྲོད་དགོས་མིན་ཐད་ཀྱི་མཐའ་མའི་ཁྲུན་ཐག་བཅད་པ་དང། ཁྲུན་བཅད་བྱས་འབྲས་ཀྱིས་སྲིད་གཞུང་ངམ་ཡང་ན་གྲོས་ཚོགས་སུ་ཞིག་གིས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ལས་བྲལ་བར”གཙོ་ཁྲིད་བྱ་རྒྱུའི་ཐག་ཆོད་པ་དང་འབྲེལ“ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”བརྒྱུད་རིམ་ལ་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད།
         གསར་འགོད་པར་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཁྲིམས་ར་འཚོགས་པའི་དུས་ཡུན་ཉིན་4ཡིན་པ་དང་དབྱིན་ཇིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་11ཚང་མ་ཁྲིམས་རར་ཐེངས་དང་པོར་མཉམ་དུ་ཞུགས་རྒྱུ་ཡིན་པ་རེད། ཁྲིམས་རར་འདྲི་གཅོད་བྱེད་པའི་བརྒྱུད་རིམ་ཚང་མ་དྲ་ཐོག་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན། མཐའ་མའི་ཁྲུན་གཅོད་བྱས་འབྲས་དེ་སང་ལོའི་ལོ་འགོར་ཐོན་རྒྱུ་ཡིན་པ་རེད།
         “ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”བརྒྱུད་རིམ་གྱོད་གཞི་དེ“ཡོ་རོབ་མནའ་འབྲེལ་ནང་མུ་མཐུད་གནས་རྒྱུར”རྒྱབ་སྐྱོར་བྱེད་པའི་མ་འཇོག་ཐེབས་རྩ་ཞིག་གི་ཅིང་ལི་ཅི་ན·མི་ལེ་སོགས་ཀྱིས་དབྱིན་ཇིའི་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་ཞིག་ཡིན། དབྱིན་ཇིའི་མཐོ་རིམ་ཁྲིམས་ཁང་གིས་ཟླ་བ་གོང་མར་སྲིད་གཞུང་གིས“ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”བརྒྱུད་རིམ་ལག་ལེན་མ་བསྟར་གོང་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་པའི་ཁྲུན་ཐག་བཅད་པ་དང་། དབྱིན་ཇི་སྲིད་གཞུང་གིས་དེ་རྗེས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།
         ཚེས་5ཉིན་གྱི་སྔ་དྲོ་ཁྲིམས་རར་འདྲི་གཅོད་བྱེད་འགོ་ཚུགས་རྗེས་སྲིད་གཞུང་གི་ཚབ་བྱེད་པའི་ཁྲིམས་རྩོད་པའི་དཔུང་ཁག་གིས་སྲིད་གཞུང་ལ“ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”བརྒྱུད་རིམ་ག་དུས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱེད་དབང་ཡོད་ཅིང་དེའི་རྒྱུ་མཚན་ནི་དབྱིན་ཇིའི་མི་དམངས་ཀྱིས་སྤྱི་དམངས་ཀྱི་མོས་ཤོག་འཕེན་པའི་ཁྲོད་ཁོང་ཚོའི་ལངས་ཕྱོགས་གསལ་པོ་སྟོན་པས་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་ཀྱི་མེད་པ་དང་། དེ་ལྟར་བྱས་ཚེ་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི“ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”གྲོས་མོལ་ལའང་ཕན་ཐོགས་ཡོད་པས་རེད་ཅེས་བཤད།
         དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ·མའེ་ཡིས་ཟླ་10པའི་ཟླ་སྟོད་དུ་དབྱིན་ཇིས་སང་ལོའི་ཟླ་3པའི་ཟླ་མཇུག་གོང་《ལི་སི་པན་གྱི་ཆིངས་ཡིག་》གི་དོན་ཚན་50པ་ལག་ལེན་བསྟར་ནས“ཡོ་རོབ་མནའ་འབྲེལ་ལས་བྲལ་བའི”བརྒྱུད་རིམ་དངོས་སུ་ལག་བསྟར་བྱེད་འགོ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་ཁོང་གི་རྣམ་འགྱུར་དེར་དབྱིན་ཇིའི་གྲོས་མི་ཁ་ཤས་ཀྱིས་དོགས་འདྲི་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།