འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་དམིགས་བསལ་སློབ་གྲྭའི་སློབ་མ་སྤེན་སྒྲོལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷ་སའི་དམིགས་བསལ་སློབ་གྲྭའི་སློབ་མ་སྤེན་སྒྲོལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།
         མི་དམངས་དྲ་བའི་འཕྲིན། “སྔ་དྲོ་ཐག་མཆོང་འགྲན་བསྡུར་གྱི་ཨང་དང་པོ་རག་བྱུང་། ཕྱི་དྲོ་ད་དུང་སྨི་50དང་། སྨི་100 དེ་བཞིན་མཐུད་རྒྱུག་བཅས་ཀྱི་འགྲན་བསྡུར་གསུམ་ལ་ཞུགས་རྒྱུ་ཡིན། ངའི་དམིགས་ཡུལ་ནི་འགྲན་ཞུགས་རྣམ་གྲངས་བཞི་ཚང་མའི་ཨང་དང་པོ་ལེན་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་བོད་ལྗོངས་ལྷ་སའི་སྐབས་དང་པོའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་བྱ་ཡུལ་དུ་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་ལོ་རིམ་བརྒྱད་པའི་བོད་རིགས་སློབ་མ་སྤེན་སྒྲོལ་གྱིས་ལག་བརྡ་བྱེད་བཞིན་གསར་འགོད་པར་བཤད་བྱུང་།
         དགུན་དུས་ཀྱི་དྲོ་འཇམ་ཉི་འོད་འོག་སྤེན་སྒྲོལ་གྱིས་ཕྱོགས་གཅིག་ནས་རུ་མི་ཚོ་ལ་ལག་བརྡ་བྱེད་བཞིན་སྤེལ་རེས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འགྲན་བསྡུར་གོང་གི་གྲ་སྒྲིག་བྱེད་བཞིན་འདུག
         ལོ་16ལ་སོན་པའི་སྤེན་སྒྲོལ་ལྷ་སའི་བཟའ་ཚང་ཁ་བྲལ་སོང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། མི་རབས་ནས་མི་རབས་ཞིང་པ་ཡིན་པའི་སྤོ་བོ་ལགས་དང་ཆུང་བྱིས་པའི་དུས་ནས་མཉམ་དུ་འཚོ་བ་བསྐྱལ་ནས་བསྡད། ལོ་5ལ་སོན་སྐབས་སྤེན་སྒྲོལ་ལ་ནད་གཞི་ཆེན་པོ་ཞིག་ཕོག་ནས་རྣ་བ་འོན་པར་གྱུར། དུས་དེ་ནས་བཟུང་ཁོ་མོའི་འཇིག་རྟེན་དུ་སྐད་སྒྲ་ཐོས་རྒྱུ་མེད། 2008ལོར་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭས་རྒྱུན་སྡོད་སློབ་མ་བསྡུ་བ་ཐོས་རྗེས། སྤོ་བོ་ལགས་ཀྱིས་ཁོ་མོ་སློབ་གྲྭར་བསྐྱལ།
         2000ལོར་བཙུགས་པའི་ལྷ་སའི་དམིགས་བསལ་སློབ་གྲྭར་མིག་སྔའི་བར་ཁྱོན་ལོ་རིམ་14དང་། འཛིན་གྲྭ་22 སློབ་མ་200ལྷག་ཙམ་ཡོད། དེའི་ནང་ཆུང་ཤོས་ལོ་5ཡིན་པ་དང་ཆེ་ཤོས་ལོ་25ཡིན་ཞིང་། སློབ་གྲྭ་དེར་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ལག་བསྟར་བྱེད་ཀྱི་ཡོད།
         “སློབ་གྲྭར་འབྱོར་རྗེས་ངས་ལག་བརྡ་སྤྲོད་ཤེས་བྱུང་ལ་ད་དུང་རྒྱ་ཡིག་དང་། བོད་ཡིག ཨང་རྩིས། དབྱིན་ཇི་སོགས་ཀྱང་སྦྱངས་པ་ཡིན། ཁྱིམ་ཚང་ཆེན་མོ་དེའི་ནང་སློབ་མ་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་མཉམ་དུ་འཚར་ལོངས་བྱུང་བ་ནི་ངའི་བསོད་ནམས་ཤིག་ཡིན”ཞེས་སྤེན་སྒྲོལ་གྱིས་བཤད་བྱུང་།
         དམིགས་བསལ་སློབ་གྲྭའི་རུ་ཁྲིད་དགེ་རྒན་བྱམས་བཟང་གིས་གསར་འགོད་པར་ཞིང་འབྲོག་ཁུལ་གྱི་སློབ་མ་དཀྱུས་མ་དང་འདྲ་བར་དམིགས་བསལ་སློབ་གྲྭའི་སློབ་མར་རྒྱལ་ཁབ་ཀྱི“འགན་ལེན་གསུམ”གྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལོངས་སུ་སྤྱོད་རྒྱུ་ཡོད། སློབ་གྲྭར་ཞུགས་པའི་ལོ་8རིང་སྤེན་སྒྲོལ་གྱི་རྒྱུན་གཏན་འཚོ་བའི་ཡོ་བྱད་དང་། སློབ་ཡོན། གྱོན་ཆས་རིན་པ། འཚོ་བའི་གྲོན་དངུལ་སོགས་ཚང་མ་སྲིད་གཞུང་གིས་གཏོང་གི་ཡོད་པས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་སོང་ཡོད་ཅེས་བཤད་བྱུང་།
         སློབ་གྲྭར་ཞུགས་རྗེས་སྤེན་སྒྲོལ་གྱི་སློབ་སྦྱོང་སྦྱངས་འབྲས་ཡག་པོ་ཡོད་པ་དང་ལྷག་པར་དུ་ལུས་རྩལ་སྦྱངས་འབྲས་དེ་བས་ཡག་པོ་ཡོད་ཅིང་། འབད་བརྩོན་ཆེ་བའི་སྤེན་སྒྲོལ་གྱིས་དགེ་རྒན་རྣམ་པར་བག་ཆགས་བཟང་པོ་ཞིག་བཞག་ཡོད། 2008ལོར་ཁོ་མོས་དམིགས་བསལ་སློབ་གྲྭའི་འཐུས་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ལ་ཞུགས་ཤིང་། རྣམ་གྲངས་དེའི་ཨང་དང་པོ་ཐོབ། ན་ནིང་ཁོ་མོས་བོད་ལྗོངས་ཀྱི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ལ་སླར་ཡང་ཞུགས་པ་དང་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ལ་གྲུབ་འབྲས་ཅུང་ལེགས་པོ་ཐོབ།
         “བོད་ཀྱི་ཚབ་ཞུས་ནས་འགྲན་བསྡུར་ལ་ཞུགས་རྒྱུ་བྱུང་བས། རང་ཉིད་ཀྱི་སྤྲོ་བ་རབ་ཏུ་འཕེལ་ལ་ལྷག་པར་དུ་སྤོབས་པ་ཆེན་པོ་ཞིག་ཀྱང་སྐྱེས་བྱུང་། ནང་སར་འགྲན་བསྡུར་ལ་ཞུགས་པའི་གནས་ཚུལ་དྲན་གསོ་བྱེད་སྐབས། སྤེན་སྒྲོན་གྱིས་གད་མོ་དགོད་བཞིན་དུ་འགྲན་བསྡུར་གྱི་བྱ་དགའི་དངུལ་མང་པོ་འདུག ཕལ་ཆེར་ཁྲི་4ཡོད་པ་འདྲ། དེ་དག་ཚང་མ་ངས་སྤོ་བོ་ལགས་ལ་སྤྲད་པ་ཡིན། ཁོང་གིས་བེད་སྤྱོད་གཏོང་མི་ཕོད་པར་ངའི་མིང་ཐོག་ནས་དངུལ་ཁང་དུ་བཅོལ་འདུག”ཅེས་བཤད།
         ཚེས་28ཉིན་སྐབས་དང་པོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་བདེ་བླང་ངང་མཇུག་འགྲིལ་ཞིང་། སྤེན་སྒྲོལ་གྱི་འདུན་པ་ཡང་མངོན་གྱུར་བྱུང་བ་རེད། “རྗེས་སུ་ནང་སའི་སློབ་ཆེན་དུ་ཚུད་ན་བསམ་གྱི་འདུག ངའི་ཕུགས་བསམ་ནི་ལུས་རྩལ་དགེ་རྒན་ཞིག་བྱ་རྒྱུ་ཡིན། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བུ་ཕྲུག་དེ་བས་མང་བར་ལུས་རྩལ་སྦྱོང་དུ་བཅུག་སྟེ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།
    ༄༅།།ལྷ་སའི་དམིགས་བསལ་སློབ་གྲྭའི་སློབ་མ་སྤེན་སྒྲོལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།
      

    ཕྱོགས་བསྡུས་གསར་འགྱུར།