འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཤིང་དང་རྐོས་རྒྱག་གིས་རྒྱུན་འཛིན་བྱེད་པའི་ཤེས་རིག་ཅིག

    ཕུ་གསུམ་གྱི་བརྐོས་རིས་ཁྱད་ལྡན་ཞིང་འབྲོག་མི་དམངས་ཀྱི་ཆེད་ལས་མཉམ་ལས་ཁང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    པར་ཤིང་།
    པར་ཤིང་།
          མི་དམངས་དྲ་བའི་འཕྲིན། བོད་ཀྱི་ཆོས་དཔེ་གླེགས་བམ་དང་དར་ལྕོག་མང་པོ་ཞིག་ནི་ཕུ་གསུམ་པར་ཤིང་ལས་གྲུབ་པ་ཞིག་ཡིན་ལ། མིང་དུ་གྲགས་པའི་རྨེ་རུ་དགོན་པའི་པར་ཁང་གིས་བཀོལ་བཞིན་པའི་པར་ཤིང་ཡང་འདིའི་ཁུངས་སུ་ཚུད་ཡོད། འོན་ཀྱང་། པར་ཤིང་འདི་དག་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཕུ་གསུམ་ཤང་གི་མང་ཚོགས་ཕལ་པ་ཚོས་བརྐོས་པ་ཞིག་རེད།
           བརྐོས་རིས་ནི་ཕུ་གསུམ་ཤང་དུ་སྔོན་ཆད་ནས་དར་ཁྱབ་བྱུང་བའི་གནའ་བོའི་ལག་རྩལ་ཡིན་ཞིང་། གྲོང་ཚོའི་མི་མང་པོ་ཞིག་ལག་རྩལ་འདི་ཉིད་ལ་བྱང་ཆ་ལྡན་པ་རེད། 2005ལོར། ཕུ་གསུམ་ཤང་ལ་སྙེ་མོ་རྫོང་མི་དམངས་སྲིད་གཞུང་གིས"བརྐོས་རིས་དང་རི་མོའི་ཁྱད་ལྡན་སྒྱུ་རྩལ་ཤང"གི་མཚན་སྙན་གནང་བ་དང་། སྙེ་མོ་རྫོང་གི"རྨད་བྱུང་གསུམ"གྲས་ཀྱི་ཕུ་གསུམ་བརྐོས་རིས་དེ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྲོད་དུ་བཅུག་པ་རེད།
           རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་ལ་མཐོང་ཆེན་དང་སྲུང་ཤུགས་ཇེ་ཆེར་བཏང་བ་དང་བསྟུན་ནས། 2015ལོར་ཕུ་གསུམ་ཤང་ཕུ་གསུམ་གྲོང་ཚོའི་གྲོང་མི་ནོར་བུ་སོགས་ལ་ཡང་གོ་སྐབས་འདི་དང་འཕྲད་རྗེས་ཞིང་པའི་གཉེར་སྐྱོང་མཉམ་ལས་ཁང་འཛུགས་རྒྱུའི་བསམ་ཚུལ་བྱུང་བ་རེད། གྲོས་མོལ་ཐེངས་འགའ་བྱས་རྗེས། ལོ་ངོ་ཉི་ཤུ་ལྷག་ཙམ་རིང་གི་བརྐོ་རྩལ་ཉམས་མྱོང་ཡོད་པའི་མི་བདུན་གྱིས"ཕུ་གསུམ་གྱི་བརྐོས་རིས་ཁྱད་ལྡན་ཞིང་འབྲོག་མི་དམངས་ཀྱི་ཆེད་ལས་མཉམ་ལས་ཁང"ཞེས་པ་བཙུགས་པ་རེད།
            མཉམ་ལས་ཁང་གི་འགན་ཁུར་པ་ནོར་བུ་ཡིས་མཚམས་སྦྱོར་བྱས་པར་གཞིགས་ན། མཉམ་ལས་ཁང་གཉེར་འགོ་རྩོམ་དུས། དེ་ནི་ཁོང་ཚོས་ལས་ཀ་བྱེད་ས་ཡིན་པ་མ་ཟད་སློབ་ཁང་ཡང་ཡིན་པ་རེད། པར་ཤིང་གི་རྒྱུ་ཆ་འདེམས་བསྡུ་དང་ཡི་གེ་རེ་རེ་བཞིན་རྐོ་རྩལ་སོགས་ཀྱི་ཐད་ནས་ཕན་ཚུན་སློབ་སྦྱོང་བྱེད་རེས་བྱས་པ་ཡིན་པས། རིམ་པར་མི་ཚང་མའི་བརྐོ་རྩལ་ཡང་ཡར་ཐོན་ཆེན་པོ་བྱུང་བ་རེད། 
            མཉམ་ལས་ཁང་གི་དགེ་རྒན་ཚོའི་བརྐོ་རྩལ་ཧ་ཅང་བཟང་བས། ལྷ་ས་རྨེ་རུ་དགོན་གྱི་པར་ཁང་དང་དགོན་པ་མང་པོ་ཞིག་གིས་ཁོང་ཚོར་ཡུན་རིང་གི་མཉམ་ལས་འབྲེལ་བ་བཙུགས་ཡོད་པ་རེད། ཡུལ་སྐོར་ཁྲོམ་རའི་སྒོ་མོ་འབྱེད་ཕྱིར། ཁོང་ཚོས་རི་མོ་མི་འདྲ་བའི་ཡུལ་སྐོར་དྲན་རྟེན་ཀྱི་བརྐོས་རིས་ཀྱང་བཟོས་པ་རེད། ནོར་བུས"ཡུལ་སྐོར་བ་མང་པོ་ཞིག་ང་ཚོའི་བརྐོས་རིས་ལ་དགའ་པོ་འདུག་ལ། ཁ་ཤས་ཤིག་གིས་ཐད་ཀར་ང་ཚོའི་དཔེ་རིས་ཀྱི་པར་ཤིང་ཡང་ཉོས་ནས་འགྲོ་བཞིན་འདུག"ཅེས་ཟེར།
            ད་སྐབས། མཉམ་ལས་ཁང་གི་པར་རྐོས་དགེ་རྒན་བདུན་པོས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད་པ་མ་ཟད། ཤིང་ལེབ་དང་རྐོ་གྲིར་བརྟེན་ནས་ཕུ་གསུམ་ཤང་གི་གནའ་བོའི་ཤེས་རིག་རྒྱུན་འཛིན་དང་དར་སྤེལ་དུ་ཡང་བཏང་ཡོད་པ་རེད།
    དཔེ་རིས་སྣ་ཚོགས་བརྐོས་པའི་པར་ཤིང་།
    དཔེ་རིས་སྣ་ཚོགས་བརྐོས་པའི་པར་ཤིང་།
    བརྐོ་རྩལ་མཁས་པའི་དགེ་རྒན་ཚོས་གཟབ་ནན་ངང་ནས་རྐོ་བཞིན་པ།
    བརྐོ་རྩལ་མཁས་པའི་དགེ་རྒན་ཚོས་གཟབ་ནན་ངང་ནས་རྐོ་བཞིན་པ།
    པར་འདེབས་ལེགས་གྲུབ་བྱུང་བའི་ཆོས་དཔེ།
    པར་འདེབས་ལེགས་གྲུབ་བྱུང་བའི་ཆོས་དཔེ།
    ཡིག་འབྲུ་རེ་རེ་བཞིན་ཞིབ་ཚགས་ངང་རྐོ་བ།
    ཡིག་འབྲུ་རེ་རེ་བཞིན་ཞིབ་ཚགས་ངང་རྐོ་བ།
    རྐོ་བྱེད་ལག་ཆ།
    རྐོ་བྱེད་ལག་ཆ།
      

    ཕྱོགས་བསྡུས་གསར་འགྱུར།