འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་སེར་ཤུལ་རྫོང་དུ་དམངས་སེམས་གཅིག་ཏུ་སྒྲིལ་ནས“འབུ་ནད”བཅོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་སེར་ཤུལ་རྫོང་དུ་དམངས་སེམས་གཅིག་ཏུ་སྒྲིལ་ནས“འབུ་ནད”བཅོས་པ།
         ཁྲེང་ཏུའུ་ནས་རླངས་འཁོར་ནང་བསྡད་དེ་ནུབ་ཀྱི་ཕྱོགས་སུ་ཉིན་གསུམ་ཙམ་བསྐྱོད་ན་གཞི་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་སེར་ཤུལ་རྫོང་དུ་འབྱོར་གྱི་ཡོད། དགུན་ཁ་ཤར་མ་ཐག་པའི་དུས་སུ་འདི་གའི་ཁོ་ར་ཁོར་ཡུག་ཀུན་གངས་འཁྱགས་ཀྱིས་ཡོངས་སུ་བཀླུབས་ཟིན་པ་དང་ས་བབ་སྨི་4500ལྷག་ཙམ་ཟིན་པའི་སེར་ཤུལ་རྫོང་དུ་ཟླ་བདུན་པ་བརྒྱད་པ་ནས་གངས་འབབ་འགོ་ཚུགས་ཀྱི་ཡོད།
         ཡིན་ནའང་གྲང་ངར་གྱིས་མི་རྣམས་ཀྱི་སྤྲོ་སེམས་གཞོམ་མེད། སེར་ཤུལ་རྫོང་དགེ་མང་གྲོང་ཚོར་འབྱོར་སྐབས་གྲོང་མི་རྣམས་བཞད་གད་བྱིན་བཞིན་དུ་ལས་གྲྭ་རུ་ཁག་གི་ཁྲོན་པ་འདྲུ་སར་ལྟ་རུབ་བརྒྱབ་ནས་བསྡད་འདུག “ཁྲོན་པའི་ཆུ་གཙང་མ་འཐུང་རྒྱུ་བྱུང་ན་ཐུམ་འབུའི་ནད་ཕོག་དོགས་མི་འདུག”ཅེས་གྲོང་མི་ཀུན་མཆོག་སྒྲོལ་མས་དེ་ལྟར་ཤོད་ཞོར་དུ་ཁྲོན་པ་འདྲུ་མཁན་རྣམས་ཁྱིམ་དུ་ཇ་བསྲུབས་མ་འཐུང་བར་གདན་དྲངས།
         ཡུལ་དེའི་མི་རྣམས་ཀྱིས་ཐུམ་འབུའི་ནད་ལ“འབུ་ནད”ཅེས་བརྗོད། དེ་ནི་མི་ཕྱུགས་གཉིས་ཀར་འགོས་སྲིད་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་པ་དང་སི་ཁྲོན་བོད་རིགས་ས་ཁུལ་དུ་ནད་དེ་རིགས་ཁྱབ་ནས་དུས་ཡུན་རིང་པོ་སོང་བའི་ནང་སེར་ཤུལ་རྫོང་ཚབས་ཆེ་ཤོས་གྲས་ཡིན་པ་དང་རྫོང་ཡོངས་སུ་ཐུམ་འབུའི་ནད་ཕོག་ཚད་15%ཙམ་ཟིན་མྱོང་ཡོད་པ་དང་ཡུལ་དེའི་ནད་པས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕོག་པའི་ནད་པའི་45%ཡན་བཟུང་ཡོད། ན་ནིང་ཟླ་11པར་སི་ཁྲོན་གྱིས་སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད།
         ཡོངས་ཁྱབ་ངང་གདམ་སྒྲུག་དང་རིན་མེད་སྨན་བཅོས་བྱས་པ།
         ཐུམ་འབུའི་ནད་ཕོག་ནས་ལོ་མང་སོང་བའི་ཕྱག་ཚྭ་ཤང་གི་གྲོང་ཚོ་གསུམ་པའི་གྲོང་མི་སྒྲོལ་མར་རིགས་གཅིག་མཁས་ཅན་གྱིས་བརྟག་དཔྱད་སྨན་བཅོས་བྱས་རྗེས་ནད་གཞི་དྲག་སྐྱེད་མྱུར་པོ་བྱུང་བས་ཁོ་མོས་སེམས་འགུལ་ཐེབས་བཞིན་དུ་གཙོ་བཅོས་སྨན་པ་ལུའོ་ལན་ཡུན་གྱི་ལག་ནས་བཟུང་སྟེ“རྒྱ་རིགས་སྨན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོའི་བཀའ་དྲིན་ངས་ནམ་ཡང་བརྗེད་མི་སྲིད”ཅེས་བཤད།
         སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གིས་བཏང་བའི་ཐུམ་འབུའི་ནད་འགོག་བཅོས་ཀྱི་རིགས་གཅིག་མཁས་ཅན་ལུའོ་ལན་ཡུན་གྱིས་ནད་གཞི་དེ་རིགས་ཇི་ཙམ་བཅོས་པ་རང་ཉིད་ལའང་གསལ་ཆ་མེད།
         སྲིད་གཞུང་གིས་སྨན་བཅོས་ཡོངས་ཁྱབ་འགན་ལེན་དང་འཕྲོད་བསྟེན་གྱི་སྤུས་ཚད་འགན་ལེན་བྱེད་པའི་རྩ་དོན་གཞིར་བཟུང་སི་ཁྲོན་གྱིས་སྨན་དོན་པ་འབོར་ཆེན་སྒྲིག་འཛུགས་བྱས་ཏེ་སེར་ཤུལ་རྫོང་གི་མང་ཚོགས་གདམ་སྒྲུག་བརྒྱབ་ནས་ཐུམ་འབུའི་ནད་ཕོག་པར་རིན་མེད་སྨན་སྤྲད་ནས་སྨན་བཅོས་བྱས་པ་དང་གཤགས་བཅོས་ཀྱི་ཆ་རྐྱེན་འཛོམས་པ་མ་ཟད། གཤགས་བཅོས་དང་ལེན་བྱེད་འདོད་ཡོད་པའི་ནད་པར་གཤགས་བཅོས་བྱས་པ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་གཤགས་བཅོས་བྱས་པའི་ནད་པ་མི་རེར་ཁ་གསབ་དངུལ་སྒོར་8000སྤྲད་པའི་རྨང་གཞིའི་ཐོག་སི་ཁྲོན་ཞིང་ཆེན་གྱིས་ནད་པ་མི་རེར་ཁ་གསབ་དངུལ་སྒོར་ཁྲི་2.5ཐོལ་པ་སྤྲད་དེ་སྤྱིར་ན་འགྲོ་སོང་ཚང་མ་རྩ་ཆག་བཏང་བ་རེད།
         འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་འགོག་བཅོས་ཟུང་འབྲེལ་བྱས་པ།
         ཐུམ་འབུའི་ནད་ནི་ཁྱི་སོགས་སྲོག་ཆགས་བརྒྱུད་མཆེད་ཀྱི་ཡོད། བོད་རིགས་ས་ཁུལ་གྱི་འབྲོག་པའི་ཁྱིམ་དུ་སྒོ་ཁྱི་མང་པོ་གསོ་ཡི་ཡོད་པས་ཐུམ་འབུའི་ནད་འགོག་བཅོས་ལས་ཀར་འགྲན་སློང་ཆེན་པོ་འཕྲད་ཡོད། འབྱུང་རྩ་ནས་ཐུམ་འབུའི་ནད་མཆེད་རྒྱུ་དོ་དམ་ཚོད་འཛིན་བྱ་ཆེད། སེར་ཤུལ་རྫོང་གིས་ན་ནིང་ལོ་མཇུག་ནས་བཟུང“མི་ཆིག་སྟོང་གི་ཡན་ལག་རུ་ཁག”སྒྲིག་འཛུགས་བྱས་ནས་གྲོང་ཚོ་དང་དུད་ཚང་དུ་བཏང་སྟེ་སྒོ་ཁྱི་གྲངས་བཤེར་དང་ཡིག་ཚགས་བཟོ་བའི་ལས་དོན་སྤེལ་བ་རེད། ད་ཆ་སེར་ཤུལ་རྫོང་གི་དུད་ཚང་མི་རེ་ངོ་རེའི་སྒོ་ཁྱིར་སྐེ་སྐོར་རེ་གཡོགས་པ་དང་སྐེ་སྐོར་ནང་གི་སྙིང་ལྕགས་ཀྱིས་འབྲེལ་ཡོད་ཀྱི་གཞི་རྩའི་ཆ་འཕྲིན་ཟིན་ཐོ་འགོད་ཀྱི་ཡོད།
         “དུད་ཚང་མི་རེ་ངོ་རེའི་སྒོ་འགྲམ་དུ་བསྐྱོད་ནས་དྲིལ་བསྒྲགས་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་ཀྱི་རྒྱུན་ཤེས་མི་ཚང་མར་བརྒྱུད་བསྒྲགས་བྱེད་དགོས”ཞེས་ལོ་22ལ་སླེབས་པའི་རྡོ་ཉི་ནི་འཇུ་སྒར་གྲོང་རྡལ་ཁྲེང་ཀོན་གྲོང་ཚོ་གཉིས་པའི་ཐུམ་འབུའི་ནད་ཀྱི་སྨན་སྤྲོད་མཁན་ཞིག་ཡིན་པ་དང་ཟླ་རེའི་ཚེས་10ཉིན་ཁོང་གིས་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་འགོག་བཅོས་སྨན་སྤྲོད་པ་མ་ཟད། གྲོང་མི་རྣམས་ལ་སྒོ་ཁྱིར་སྔོན་འགོག་སྨན་སྟེར་རྒྱུར་ལྟ་སྐུལ་བྱེད་ཀྱི་ཡོད། བརྙན་འཕྲིན་དང་། འཕྲིན་ཐུང་། སྐད་འཕྲིན་སོགས་བརྒྱུད་སེར་ཤུལ་རྫོང་ལ་ཐུམ་འབུའི་ནད་འགོག་བཅོས་བྱ་རྒྱུ་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།
         ཆུ་འགོ་གཙང་དུ་བཏང་སྟེ་ཐུམ་འབུའི་ནད་རྩ་བཅོས་བྱས་པ།
         “ཁྲོན་པ་ཡོད་པས་གཞན་བརྟེན་སྲིན་འབུ་གང་སར་ཁྱབ་རྒྱུ་འགོག་ཐུབ་པ་བྱུང་ཡོད”ན་ནིང་ལོ་མཇུག་ཏུ་སེར་ཤུལ་རྫོང་ཁོངས་སུ་འཐུང་ཆུ་གཙང་མའི་ཁྲོན་པ་184ཚང་མ་སྤྱོད་འགོ་ཚུགས་ནས་མི་ཁྲི་6.6གི་འཐུང་ཆུ་གཙང་མ་མེད་པའི་གནད་དོན་བསལ་ཡོད། སེར་ཤུལ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཞེ་ཕེ་ཡིས་སྔོན་མ་འབྲོག་པ་རྣམས་ཀྱིས་ཕྱུགས་ཟོག་གི་ལྕི་བ་དང་གཅིན་པའི་སྦགས་བཙོག་ཤོར་བའི་ཆུ་ཐད་ཀར་འཐུང་གི་ཡོད་པས་ཐུམ་འབུའི་ནད་འགོས་སླ་པོ་ཡོད། “ཁྲོན་པ་ཁྱབ་གདལ་བྱུང་ཚེ་ཐུམ་འབུའི་ནད་མཆེད་པའི་འབྱུང་ཁུངས་ནུས་ལྡན་ངང་མེད་པ་བཟོ་ཐུབ”ཅེས་བཤད།
         2016ལོ་ནས་བཟུང་ནོར་སྲིད་པུས་ལོ་5བསྟུད་མར་ལོ་ལྟར་ཀྲུང་དབྱང་གིས་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་སྒོར་ཁྲི་2000སྤྱད་དེ་ཆེད་མངགས་སེར་ཤུལ་རྫོང་གི་ཕྱོགས་བསྡུས་འགོག་བཅོས་ལས་ཀ་སྤེལ་བ་རེད། ད་བར་ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་གྱིས་དཀར་མཛེས་ཀྲོའུ་ལ་2016ལོའི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་4.28བཏང་ཡོད། མ་དངུལ་གཏོང་ཤུགས་ལོ་རེ་བཞིན་མང་དུ་བཏང་བས་སེར་ཤུལ་རྫོང་གི་འཐུང་ཆུའི་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་སོང་ཡོད། འཆར་འགོད་ལྟར་ན། 2017ལོར་སླེབས་སྐབས་དཀར་མཛེས་ཀྲོའུ་ཡོངས་སུ་ཐུམ་འབུའི་ནད་མ་མཆེད་པ་བྱ་ཐུབ་རྒྱུ་དང་2020ལོར་སླེབས་སྐབས་ཀྲོའུ་ཡོངས་སུ་ཐུམ་འབུའི་ནད་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།