འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྒྱུར་བཅོས་ཀྱི་གསོན་ཤུགས་བསྐྱེད་ནས་གསར་གཏོད་ཀྱི་ནུས་པ་གསར་པ་
    འཕེལ་བར་བྱས་པ།

    མཱ་ཤིན་གྱིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལོ་ཤས་ནང་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ་ནུས་ཤུགས་ཡོད་རྒུས་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ཧུར་ཐག་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པར་བྱེད་པ་དང་སྣེ་ཁྲིད་བྱེད་པའི་ཁྲོད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ལེགས་པར་བཏོན་ཏེ་ཞིང་ཆེན་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
         “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ལ་ཡར་རྒྱས་བྱུང་བ་དེས་དཔལ་འབྱོར་འཕར་རྒྱུར་ནུས་པ་འདོན་ཚད་50%ཟིན་ཏེ་སྔར་མེད་ཀྱི་ཚད་བརྒལ་བྱུང་བ་དང་། ཚན་རྩལ་གྲུབ་འབྲས“ལོ་ལྔ་ཚན་བཅུ་གཅིག་པའི”རིང་ལས་63.4%འཕར་བ། ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་3ཡིན་པས་མི་ཁྲི་ལ་གསར་གཏོད་ཀྱི་ནུས་པ་ཐོན་པའི་ཁེ་བེད་བདག་ཚད275%མང་དུ་སོང་ཡོད།
         སྒྲིག་གཞི་གསར་གཏོད་ཀྱིས་ཚན་རྩལ་གསར་གཏོད་ལ་སྐུལ་མ་བཏང་སྟེ། རྒྱུ་རྐྱེན་གཙོ་བོ་སྐུལ་སྤེལ་དང་མ་འཇོག་སྐུལ་སྤེལ་བཏང་ནས་གསར་གཏོད་སྐུལ་སྤེལ་ལ་འགྱུར་རྒྱུར་ཁྱོན་ཡོངས་ནས་སྐུལ་མ་བཏང་བ།
         2015ལོ་ནི། “ལོ་ལྔ་ཚན་བཅུ་གཉིས་པ”མཇུག་བསྡུའི་ལོ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་ཏན་ཏིག་གཏོང་བའི་ལོ་ཞིག་ཀྱང་ཡིན།
         ཞིང་ཆེན་དེ་ཡོངས་ཀྱི་ཚན་རྩལ་ཁོངས་གཏོགས་ཀྱིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་པོ་བྱས་པའི་ཁར་ཚན་རྩལ་སྒྲིག་གཞིའི་སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། 《སྒྲིག་གཞི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་མགྱོགས་སུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་》དང་། 《ཀུན་གྱི་ལས་གཏོད་ཀྱི་བར་མཐོངས་འཕེལ་རྒྱས་བཏང་ནས་དམངས་ཚོགས་བྱ་གཞག་གསར་གཏོད་དང་ལས་གཏོད་ལ་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《ཞིང་ཆེན་རིམ་པའི་ནོར་སྲིད་དང་ཚན་རྩལ་གྱི་འཆར་འགོད་དང་མ་དངུལ་དོ་དམ་བྱ་བར་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》སོགས་སྒྱུར་བཅོས་ལྡན་པའི་ཡིག་ཆ་8བཟོས་ནས་ཚན་རྩལ་འཕེལ་རྒྱས་གཏོང་བར་སྒྲིག་གཞི་སྒྲིག་སྲོལ་ཐད་ནས་བཀག་རྒྱ་ཐེབས་པ་སྔར་བས་ཐག་གཅོད་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བར་མཐོངས་གསར་པ་བཏོན་པར་ཁེ་ལས་དང་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཏུ་ཐོབ་ཡོད།
         འགྲོ་གྲོན་དང་། ལམ་ལུགས། ཤེས་ལྡན་པ་བཅས་ནི་ཚན་རྩལ་གསར་གཏོད་ཀྱི་ཀ་རྟེན་ཆེན་པོ་གསུམ་ཡིན། ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཀྱི་སྤུས་ཚད་དང་ཆུ་ཚད་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་དོ་དམ་ལ་སྔར་བས་སྒྱུར་བཅོས་བྱས་ནས་ནོར་སྲིད་གཏོང་སྒོའི་ལམ་སྲོལ་གསར་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ནོར་སྲིད་ཀྱིས་ཚན་རིག་ཞིབ་འཇུག་གི་ཐོན་ཁུངས་དོ་དམ་དང་རྣམ་གྲངས་དཔྱད་བརྗོད་ལ་རྒྱབ་སྐྱོར་བྱེད་པའི་དྲང་གཞག་ཁ་གསལ་གྱི་ལམ་སྲོལ་དང་། ཚན་རྩལ་རྣམ་གྲངས་འདུན་ཞུ་དང་། ཐོག་མའི་དཔྱད་ཞིབ། རྣམ་གྲངས་འཛུགས་པ་བཅས་ཁྱོན་ཡོངས་ནང་རིགས་གཅིག་མཁས་པ་ཞུགས་པའི་དཔྱད་འདེམས་ལམ་ལུགས་འཛུགས་ཆེད། ཚན་རྩལ་འཆར་འགོད་རྣམ་གྲངས་འཛུགས་པའི་ཞིབ་མཆན་དང་། རྗེས་སྙེག་དོ་དམ། རྗེས་ཀྱི་ཚོད་སྐོར་བཅས་ཀྱི་ལམ་ལུགས་བཟོས་ནས་ཐོན་ལས་ཀྱི་ཚན་རྩལ་རྣམ་གྲངས་ལ་ཐོག་མའི་ཚོད་ལྟ་བྱས་རྗེས་ཀྱི་ཁ་གསབ་ལམ་སྲོལ་བཙུགས་པ་རེད།
         “ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་རྣམ་གྲངས་གཏན་འཁེལ་སྔར་བས་གསལ་པོ་བཟོས་པའི་དམིགས་ཡུལ་གཙོ་བོ་ནི། ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་དང་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན། དེར་བརྟེན་ང་ཚོས་ལོ་འཁོར་གྱི་འཆར་གཞིའི་ནང་ལས་རིགས་གཙོ་བོ་དང་ཁེ་ལས་གཙོ་བོས་ཀུན་གྱི་གལ་ཆེར་གྱུར་པའི་འགག་རྩའི་ལག་རྩལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་། ལྷག་པར་དུ་ལས་རིགས་དང་ཁེ་ལས་ཀྱི་གསར་གཏོད་ནུས་པ་དང་ཚན་ཞིབ་སྒྲིག་གཞིའི་ཚན་ཞིབ་ཆུ་ཚད་མཐོ་རུ་གཏོང་རྒྱུ་སྟེ་དཔེར་ན། ལས་གྲྭའི་ལག་རྩལ་ལྟེ་གནས་དང་ཚོད་ལྟ་ཁང་གཙོ་བོ་སོགས་ཀྱི་གསར་གཏོད་ལས་སྟེགས་ལ་མུ་མཐུད་རྒྱབ་སྐྱོར་བྱས་པ་ལྟ་བུ་ཡིན”ཞེས་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་ཤེ་ཡོན་གྱིས་བཤད།
         གསར་གཏོད་ཀྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ལས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཙོ་བོར་དམིགས་ནས་ལས་གཏོད་མཁན་གྱི་བར་མཐོངས་དང་། ལས་གཏོད་ཀོག་ཧྥེ། གསར་གཏོད་བཟོ་ཁང་སོགས་གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་གསར་པ་ནང་འདྲེན་དང་ཁྱབ་གདལ་དུ་བཏང་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་དང་ཟུང་འབྲེལ་ཧུར་ཐག་བྱས་ཏེ། མ་གནས་ཆུང་བ་དང་། སྟབས་བདེ་བ། ཆ་ཚང་བ། སྒོ་དབྱེ་བཅས་ལྡན་པའི་ཀུན་གྱི་ལས་གཏོད་ཀྱི་བར་མཐོངས་བསྐྲུན་ནས་དམངས་ཚོགས་ཀྱི་བྱ་གཞག་གསར་གཏོད་དང་ལས་གཏོད་ལ་སྲིད་ཇུས་ཀྱི་ཁོར་ཡུག་དང་ལམ་ལུགས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད།
         ཚན་རྩལ་དང་མ་དངུལ་བསྡུ་སྒྲིལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་རྩ་དག་ཚན་རྩལ་གསར་གཏོད་ནང་བཏང་ནས་འབྱུང་རྩ་ནས་ལས་གཏོད་གསར་གཏོད་ཡོང་བར་རོགས་པ་བྱས་པ།
         ཚན་རྩལ་གྲུབ་འབྲས་གཞན་འགྱུར་དང་། མཐོ་གསར་ལག་རྩལ་ཁེ་ལས། ཚན་རྩལ་ཁེ་ལས་བཅས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་མ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་དང་དངུལ་རྩ་མུ་མཐུད་ཟུང་དུ་སྦྲེལ་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གྱི་རྐང་དབང་མ་འཇོག་ལ་སྐུལ་མ་ཧུར་ཐག་དང་ཚན་རྩལ་ལས་གཏོད་ཀྱི་མ་འཇོག་ཉེན་ཁ་ཆུང་དུ་བཏང་བ་དང་། དངུལ་ཁང་གིས་དངུལ་རྩའི་ཐོན་ཁུངས་གསར་གཏོད་ལ་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ནས་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་དངུལ་བུན་གཏོང་བའི་ཐོགས་མེད་བགྲོད་ལམ་བཙུགས་པ། རྣམ་པ་སྣ་ཚོགས་ཀྱི་ཚན་རྩལ་ཁག་ཐེག་དང་འབོར་ཉུང་དངུལ་བུན་ཀུང་སི་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་དམངས་ཁྲོད་ཀྱི་མ་རྩ་རང་བརྟེན་གསར་གཏོད་ནང་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད།
         འདི་ལོའི་ཟླ་8ཚེས་10ཉིན་ཞིང་ཆེན་ཚན་རྩལ་ཐིང་གིས་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་དངུལ་རྩའི་ཞབས་ཞུའི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་ནི། ཐིང་དེས་འགྲིམ་འགྲུལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ལས་དར་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་དང་འཐབ་ཇུས་མཉམ་ལས་བྱས་རྗེས་ཀྱི་བྱེད་སྟངས་གལ་ཆེན་གཞན་པ་ཞིག་ཡིན་པ་རེད།
         2009ལོར་ཞིང་ཆེན་ཚན་རྩལ་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ་སྒོར་ཁྲི་6000གི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁེ་ལས་འབྲིང་ཆུང་གི་ལས་གཏོད་མ་འཇོག་ལ་ཁྲིད་སྟོན་བྱེད་པའི་ཐེབས་རྩ་བཙུགས་པར་ད་ཆ་གཞི་ཁྱོན་སྒོར་དུང་ཕྱུར་1.9ཟིན་པ་དང་། སྤྱི་ཚོགས་ཀྱི་མ་རྩ་སྒོར་དུང་ཕྱུར་6.15བཀུག་པའི་ནང་འདི་ལོར་ལས་དར་དངུལ་ཁང་དང་མཉམ་དུ་སྒོར་ཁྲི་5000གི་ལས་གཏོད་སྐྱེད་སྲིང་ཐེབས་རྩ་དང་སྒོར་དུང་ཕྱུར་1གི་ཁག་ཐེག་དངུལ་མཛོད་བཙུགས་པ་ཚུད་ཡོད། ཐེབས་རྩར་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་1.4བྱས་ནས་ཀུང་སི་གཅིག་ཐེན་ཅིན་རྐང་དབང་ཉོ་ཚོང་ཁང་ནང་ཞུགས་རྒྱུར་ཁྲིད་སྟོན་ཐུབ་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་ས་གནས་ཀྱི་མ་རྩའི་ཁྲོམ་རར་ཞུགས་ནས་མ་དངུལ་བསྡུ་སྒྲིལ་བྱས་པའི་ཁེ་ལས་དང་པོར་གྱུར་པ་དང་། མཐོ་གསར་ལག་རྩལ་ཁེ་ལས་གསུམ་ཚབ་གཉེར་མ་རྐང་ཁོངས་གཏོགས་བརྒྱུད་བཤུག་གི་ཚོད་ལྟའི་ནང་ཞུགས་ཐུབ་པ་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཞིང་ཆེན་ཚན་རྩལ་ཐིང་གིས་ཚན་རྩལ་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་ལ“ལྡབ་གཉིས་འཕར”“ཚན་རྩལ་གྱད་མི་ཆུང་ངུའི”འཆར་གཞི་གཙོ་གནད་དུ་ལག་ལེན་བསྟར་ནས་2020ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་གྲངས་འབོར་400ཡན་དང་མཐོ་གསར་ལག་རྩལ་ཁེ་ལས་200ཡན་ཟིན་པ་བྱས་ཏེ་དེའི་ཁྲོད་ནས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་ཡན་གྱི་མཐོ་གསར་ལག་རྩལ་ཁེ་ལས་ཏེ“ཚན་རྩལ་གྱད་མི་ཆུང་ངུའི”ཁེ་ལས་20སྐྱེད་བསྲིང་བྱ་རྒྱུ་རེད། ཁེ་ལས་དེ་དག་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་ཆེན་པོ་ཞིག་དགོས་པ་ནི་སྨོས་ཅི་དགོས།
      

    ཕྱོགས་བསྡུས་གསར་འགྱུར།