འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་སྤྱིའི་ལོ་ཏོག་ཚན་རིག་གི"ཨོ་ལིམ་ཕིག་ཚོགས་ཆེན"ཐེངས་དང་པོར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལི་གཡོད་རེ་ནེ་ལུའི་ཨོ་རྩལ་འགྲན་ཚོགས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པའི་པའི་མཚམས་འདིར། རྒྱལ་སྤྱིའི་ལོ་ཏོག་ཚན་རིག་ཁྱབ་ཁོངས་ཀྱི“ཨོ་ལིམ་ཕིག་ཚོགས་ཆེན”པེ་ཅིང་དུ་འགོ་ཚུགས་ཤིང་། རང་རྒྱལ་གྱི་ཞིང་ལས་ཚན་རིག་མཁས་ཅན་གྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། “གསེར་གྱི་རྟགས་མ”རིམ་པའི་ཚན་རྩལ་གྲུབ་འབྲས་ཁག་ཀྱང་གཅིག་ཐོབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱིས་འདེམས་གསོ་བྱས་པ་དང་འབྲེལ། ཞིབ་བཤེར་གཏན་འབེབས་བྱས་པའི་ལོ་ཏོག་སྣ་ཁ་གསར་པ་3100ལྷག་ཙམ་ཡོད་པ་དང་རིམ་རྩིས་བྱས་ན་མུའུ་དུང་ཕྱུར་15ཁྱབ་གདལ་བཏང་ཡོད་པ་རེད།
         ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ཡོའན་ཧྲི་ལི་ཅ་དབྱང་གིས་འགོ་ཚུགས་མཛད་སྒོའི་ཐོག རང་རྒྱལ་གྱི་ལོ་ཏོག་སོན་བཟང་སྤྱིའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། ཕྱུགས་ཟོག་དང་ཁྱིམ་བྱའི་རྒྱུད་པ་རྒྱུད་བཟང་ཡིན་ཚད་དང་རང་རྒྱལ་ནས་ཐོན་པའི་བསྡུར་ཚད་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད་པ་དང་། ཞིང་ལས་ཐོན་འཕར་ནང་སོན་བཟང་གིས་ལེགས་སྐྱེས་འབུལ་ཚད་43%ཡན་ཟིན་ཡོད་ཅེས་བཤད།
         ལི་ཅ་དབྱང་གིས་འདས་ཟིན་པའི་ལོ་ལྔའི་ནང་། ཀྲུང་གོའི་དེང་རབས་ཞིང་ལས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཞིང་ལས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་སྐས་རིམ་གསར་པར་སླེབས་པ་དང་། 2015ལོར་ཀྲུང་གོའི་འབྲུ་རིགས་ཐོན་ཚད་ཏུན་དུང་ཕྱུར་6.2ལས་བརྒལ་ནས་ལོ་རྒྱུས་རང་བཞིན་གྱི“ལོ་བཅུ་གཉིས་བསྟུད་མར་འཕར་བ”མངོན་འགྱུར་བྱུང་ཡོད། ཞིང་པའི་ཡོང་འབབ་ཐད་ལའང་ཚད་བརྒལ་གསར་པ་བྱུང་བ་དང་། 2015ལོར་རྒྱལ་ཡོངས་ཀྱི་ཞིང་པ་ལོ་རྒྱུས་རང་བཞིན་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཨ་སྒོར་1730ཟིན་ནས་ལོ་6བསྟུད་མར་རྒྱལ་ནང་ཐོན་སྐྱེད་ཀྱི་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་ལས་བརྒལ་བ། ཞིང་ལས་ལག་རྩལ་གྱི་སྒྲིག་ཆས་ཆུ་ཚད་གསར་པར་སླེབས་པ་དང་། 2015ལོར་ཞིང་ལས་ཚན་རྩལ་ཡར་སྔོན་ལ་ལེགས་སྐྱེས་འབུལ་ཚད་56%ལས་བརྒལ་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དེ་སྔའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཏོང་མང་དུ་གཏོང་བར་གཙོ་བོར་བརྟེན་པ་ནས་ཚན་རྩལ་ཡར་ཐོན་ལ་གཙོ་བོར་བརྟེན་པའི་དུས་སྐབས་གསར་པར་བསྒྱུར་ནས་ཞིང་ལས་སྐྱེ་དངོས་རྨོ་འདེབས་དང་བརྔ་བསྡུ་ཚང་མ་འཕྲུལ་ཆས་ཅན་ལ་འགྱུར་ཚད་63%ཟིན་པ་མཚོན་པ་དང་། ཀྲུང་གོའི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་ལོ་ངོ་སྟོང་ཕྲག་རིང་མི་ཕྱུགས་ལ་བརྟེན་པ་ནས་འཕྲུལ་ཆས་ལས་བརྟེན་པའི་དུས་མཚམས་གསར་པར་བསླེབས་པ་དང་། ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་52%ལས་བརྒལ་ཏེ་ཞིང་ལས་གནམ་ཆུར་བརྟེན་པའི་རྣམ་པར་རིམ་གྱིས་འགྱུར་ལྡོག་བྱུང་བ་མཚོན་ཡོད། ས་ཞིང་གི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་ཕྱིན་པ་དང་། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་བྱུང་བ། རྣམ་པ་སྣ་ཚོགས་ཀྱི་གཞི་ཁྱོན་གཉེར་སྐྱོང་འཕེལ་རྒྱས་ཕྱིན་པ་བཅས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་བཤད།
         ལི་ཅ་དབྱང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་བྱས་པར་བརྟེན། ཞིང་ལས་ཚན་རྩལ་གྱི་རང་བརྟེན་གསར་གཏོད་ཀྱི་ནུས་པ་དང་ཁྱོན་ཡོངས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མ་ཟད། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཡང་ཆེ་རུ་ཕྱིན་ཡོད། ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་སྤྱད་པར་བརྟེན། ཞིང་ཁའི་ཏན་ལིན་སོགས་གཞི་རྒྱུ་འབུད་ཚད་60ཡན་ཆག་པ་དང་། འདེབས་ཞིང་གི་ས་ཆུ་ཤོར་ཚད་50%ཡན་ཆག་པ། རྨོ་ཞིང་གི་ས་རྒྱུ་རིམ་པ་གཅིག་མཐོ་རུ་ཕྱིན་པ་དང་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ20%ཡན་མཐོ་རུ་ཕྱིན་ཡོད་ཅེས་བཤད།
         རྒྱལ་སྤྱིའི་ལོ་ཏོག་ཚན་རིག་ཚོགས་ཆེན་ནི་ལོ་ཏོག་ཚན་རིག་ཁྱབ་ཁོངས་ཀྱི“ཨོ་ལིམ་ཕིག”ཡིན་པ་དང་། རྒྱལ་སྤྱིའི་ལོ་ཏོག་ཚན་རིག་ཚོགས་ཆེན་སྐབས་བདུན་པའི་གཙོ་གཉེར་དབང་ཆ་ཀྲུང་གོར་ཐོབ་ཅིང་། རྒྱལ་སྤྱིའི་ལོ་ཏོག་རིག་གཞུང་ལྷན་ཚོགས་ཀྱི་མངགས་བཅོལ་ལྟར་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་ཀྲུང་གོ་ལོ་ཏོག་རིག་གཞུང་ལྷན་ཚོགས་ཀྱིས་གཙོ་འགན་ཁུར་བ་དང་ཀྲུང་གོ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་ལོ་ཏོག་ཚན་རིག་ཞིབ་འཇུག་སུའོ་ཡིས་གཉེར་འགན་ཁུར་བ་རེད། ད་ཐེངས་ཀྱི་ཚོགས་ཆེན་གྱིས“ལོ་ཏོག་ཚན་རིག— གསར་གཏོད་དང་རྒྱུན་མཐུད་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་ཤིང་། དེར་ཁྱོན་ཚོགས་ཆེན་གྱི་སྙན་ཞུ་19དང་ཡན་ལག་ཚོགས་རའི་སྙན་ཞུ་300ལྷག་ཙམ། གྱང་ལྡེབས་ཚགས་པར་900ལྷག་ཙམ་ཡོད་པ་དང་ཆབས་ཅིག་སྣ་མང་ཕུན་སུམ་ཚོགས་པའི་ཐོན་རྫས་འགྲེམས་སྟོན་དང་། བྱེད་ཐབས་སྣ་མང་གི་རྟོག་ཞིབ་ལྟ་སྐོར་གྱི་བྱེད་སྒོ་ཡོད་པས། རྒྱལ་ཁབ་70ལྷག་ཙམ་ནས་སླེབས་པའི་ལོ་ཏོག་ཚན་རྩལ་ལས་དོན་པ་2000ལྷག་ཙམ་གྱིས་ལོ་ཏོག་ཚན་རྩལ་ཞིབ་འཇུག་གི་འཕེལ་རིམ་གསར་པ་ལོངས་སུ་སྤྱོད་རྒྱུ་དང་ལོ་ཏོག་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་འབྱུང་འགྱུར་ལ་ཞིབ་བསྡུར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།