འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་རིན་པོ་ཆེས་ནག་ཆུར་ཆོས་ཀྱི་མཛད་འཕྲིན་སྐྱོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་རིན་པོ་ཆེས་ནག་ཆུར་ཆོས་ཀྱི་མཛད་འཕྲིན་སྐྱོང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གཞིས་རྩེར་བཞུགས་རིང་གི་ཆོས་ཀྱི་མཛད་སྒོ་ཁག་ཡིད་བཞིན་ལེགས་གྲུབ་བྱུང་རྗེས། སྤྱི་ཟླ་7ཚེས་29ཉིན་གྱི་སྔ་དྲོ་མེ་འཁོར་ལ་བཞུགས་ནས་བོད་བྱང་ཐང་ནག་ཆུ་ས་ཁུལ་དུ་ཕེབས་པ་དང་། ཁོང་ལ་ནག་ཆུའི་སེར་སྐྱ་མང་ཚོགས་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བསུ་བ་ཞུས་ཡོད།
         ལོ་རེའི་སྤྱི་ཟླ་བདུན་པ་བརྒྱད་པ་ནི་བོད་བྱང་ཐང་གི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་ཤིག་ཡིན་པ་དང་། ལང་ལིང་དུ་རྒྱུ་བའི་སྤྲིན་དཀར་དང་། སྔོ་ལྗང་གོས་ཀྱིས་བཀླུབས་པའི་རྩྭ་ཐང་། རྣམ་པར་བཀྲ་བའི་མེ་ཏོག  བག་ཡངས་ངང་རྩྭ་ཆུར་རོལ་བའི་ནོར་ལུག ལྷང་ལྷང་དུ་གྲགས་པའི་རྫི་གླུ་སོགས་མདོར་ན་གནས་འདིའི་ཡོད་ཚད་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་རྣམས་ལ་བསུ་བ་ཞུ་བ་དང་མཚུངས། ཉིན་དགུང་གི་ཆུ་ཚོད་བཅུ་གཉིས་མཚམས་སུ་པཎ་ཆེན་རིན་པོ་ཆེ་མཆོག་བཞུགས་པའི་མེ་འཁོར་དེ་དལ་པོའི་ངང་ནག་ཆུ་མེ་འཁོར་བབ་ཚུགས་སུ་འབྱོར་བ་དང་། རས་པའི་རྔ་སྒྲ་དང་གཡག་བྲོའི་ཉམས་སྣང་ཁྲོད། ལུས་ལ་བོད་བྱང་ཐང་གི་གཟབ་མཆོར་སྤྲས་པའི་དད་ལྡན་ཕོ་མོ་རྣམས་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུའི་ཕྱེ་མར་ཕུལ། དེ་རྗེས་ཕེབས་བསུ་ཞུ་མཁན་རྟ་པའི་སྤྱན་འདྲེན་འོག  པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཁོར་བཞུགས་པའི་ཕེབས་འཁོར་གསོལ་མགྲོན་ཁང་གི་ཕྱོགས་སུ་བསྐྱོད་པ་དང་། ཕེབས་ལམ་གྱི་གཡས་གཡོན་དུ་ནག་ཆུའི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་འགའ་ཤས་ཀྱིས་དཀར་གཙང་ལྷ་རེག་གཡུག་གཡུག་བྱས་ནས་པཎ་ཆེན་རིན་པོ་ཆེ་ནག་ཆུར་ཆིབས་ཁ་བསྒྱུར་བར་བསུ་བ་ཞུས། སྤྱན་འདྲེན་རྟ་པའི་གྲས་ཤིག་ཡིན་པའི་ནག་ཆུ་རྫོང་གི་འབྲོག་པ་བཀྲ་ཤིས་དར་རྒྱས་ཀྱིས། ང་རང་ཕེབས་བསུ་ཞུ་མཁན་རྟ་པའི་ནང་ཞུགས་ཐུབ་པས་སེམས་ལ་དགའ་ཚོར་དཔག་མེད་བྱུང་། པཎ་ཆེན་རིན་པོ་ཆེ་མཆོག་ནག་ཆུར་ཕེབས་པས་མང་ཚོགས་ཚང་མ་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག་ལ་ང་རང་ཡང་དགའ་པོ་བྱུང་ཞེས་གསུངས། ད་དུང་ནག་ཆུའི་འབྲོག་པ་བཀྲ་བསམ་གྱིས། དེ་རིང་རྟ་བང་བསྒྲིགས་ནས་བླ་མ་ཕེབས་བསུར་བཅར་ཡོད་ལ། བླ་མ་ཡང་མཇལ་བྱུང་བས་དེ་ནི་གང་མིན་ཚད་ཀྱི་ཡག་པོ་རེད་སྙམ་ཞེས་གསུངས།
         སྤྱི་ཟླ་7ཚེས་30ཉིན། ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་དུ་གནས་པའི་ཞབས་བརྟན་དགོན་པའི་ནང་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བའི་ཁྲོད། བསང་གི་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཞིང་། ཆོས་ཀྱི་རོལ་མོ་ལྷང་ལྷང་དུ་གྲགས། སྔ་དྲོའི་ཆུ་ཚོད་དགུ་པ་ལྷག་ཙམ་ལ་པཎ་ཆེན་རིན་པོ་ཆེ་མཆོག་དགོན་དེར་མཆོད་མཇལ་ལ་ཕེབས་པ་མ་ཟད། དགེ་འདུན་པ་བརྒྱ་མ་ཟིན་ཙམ་ལ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་༼ ཡོན་ཏན་གཞིར་གྱུར་མ ༽ཞེས་པ་དེའི་བཀའ་ལུང་བསྩལ། གསར་འགོད་པས་དགོན་སྡེ་དེའི་སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་ལ་བཅར་འདྲི་ཞུས་པར། ཁོང་གིས། འདི་ནི་དཔེ་མི་སྲིད་པའི་བསྐལ་པ་བཟང་པོ་རེད། ཆོས་ལུགས་ཐོག་ནས་བརྗོད་ན་འདི་ལས་བསྐལ་བ་བཟང་བ་ཞིག་མེད། ཅིའི་ཕྱིར་ཞེ་ན། པཎ་ཆེན་རིན་པོ་ཆེ་ནི་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་པཎ་ཆེན་སྣང་བ་མཐའ་ཡས་ཡིན་པས་རེད། ཁོང་ང་ཚོའི་དགོན་ལ་ཞབས་སོར་འཁོད་ཐོག་བཀའ་ལུང་རྩ་ཆེན་གནང་བ་དང་། དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་ཡོད། ཆོས་ལུགས་ཐོག་ནས་བཤད་ན་དེ་ནི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན་པས་ང་ཚོ་དགའ་ཚོར་ཆེན་པོ་བྱུང་། ཁོང་དེ་རིང་ཕེབས་པ་དེས་ང་ཚོའི་དགོན་པའི་བླ་སྤྲུལ་དང་དགེ་འདུན་པ་ཚང་མས་མུ་མཐུད་རྒྱལ་གཅེས་ཆོས་གཅེས་བྱ་རྒྱུ་དང་། ལྷག་པར་དུ་ཆོས་ལུགས་ཐད་ཀྱི་རྟོགས་པ་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཐད་སྐུལ་ལྕག་ཆེན་པོ་ཐེབས་ཡོད་ཅེས་གསུངས། གསར་འགོད་པས་ཆབས་ཅིག་དགོན་པ་དེའི་བླ་སྤྲུལ་དང་དགེ་འདུན་པ་འགའ་རེར་བཅར་འདྲི་ཞུས་པར། ཁོང་རྣམས་ནས་པཎ་ཆེན་རིན་པོ་ཆེ་དགོན་སྡེ་དེར་ཞབས་སོར་འཁོད་པའི་དབང་གིས་དགའ་ཚོར་ཆེན་པོ་བྱུང་ཚུལ་གསུངས་ཀྱི་འདུག་ལ། ཁོང་རྣམས་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་བཅངས་པའི་རེ་འདུན་ཡང་ལྷུག་པོར་གསུངས་ཀྱི་འདུག དེ་ཡང་ཞབས་བརྟན་དགོན་པའི་སྤྲུལ་སྐུ་ཐུབ་བསྟན་ཆོས་གྲགས་མཆོག་ནས།  ཁོང་ང་ཚོའི་དགོན་པའི་ནང་ཕེབས་པས་ང་ཚོ་དགའ་ཚོར་ཆེན་པོ་འདུག དེ་སྔོན་ཡང་ཁོང་ང་ཚོའི་དགོན་པར་ཕེབས་ནས་ཚེ་དབང་བསྩལ་བ་མ་ཟད། མང་ཚོགས་ཚང་མར་མཇལ་ཁ་གནང་ཡོད། ད་རེས་ཡང་བསྐྱར་ཕེབས་པས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ངས་དམངས་ཀྱི་ཚབ་ཞུས་ནས་རིན་པོ་ཆེར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། ཞབས་བརྟན་དགོན་པའི་སྐུ་ཞབས་ཐུབ་བསྟན་དཔལ་འབར་མཆོག་ནས། རྗེས་སུ་རིན་པོ་ཆེས་ནག་ཆུར་དུས་འཁོར་དབང་ཆེན་ཞིག་གནང་ཐུབ་ན་ཅི་མ་རུང་བསམ་གྱི་འདུག དེ་ནི་ང་རང་སྒེར་གྱི་བསམ་འདུན་ཡིན་ཞེས་གསུངས།
         མཆོད་མཇལ་དང་བཀའ་ལུང་བསྩལ་གྲུབ་རྗེས། པཎ་ཆེན་རིན་པོ་ཆེས་ལམ་སེང་དད་ལྡན་མང་ཚོགས་ལ་ཕྱག་དབང་བསྩལ་འགོ་ཚུགས། དེ་ནས་ཉིན་དགུང་གི་ཞལ་ལག་མཆོད་པའི་དུས་ཚོད་ཆུ་ཚོད་གཅིག་མ་ཟིན་ཙམ་ཕུད། ཕྱི་དྲོའི་ཆུ་ཚོད་བཞི་པ་ལྷག་ཙམ་བར་རྒྱུན་མཐུད་ནས་ཕྱག་དབང་གནང་། ཉིན་དེར་ཁོང་ནས་ཕྱག་དབང་གནང་བའི་མི་འབོར་ཁྲི་ཚོ་ཁ་ཤས་ཟིན། པཎ་ཆེན་རིན་པོ་ཆེའི་མཇལ་ཁ་དང་ཕྱག་དབང་ཞུས་ཟིན་པའི་ནག་ཆུ་རྫོང་ཉི་མ་ཤང་གི་དད་ལྡན་པ་ནོར་བཟང་ལགས་ནས།  དེ་རིང་པཎ་ཆེན་རིན་པོ་ཆེ་མཆོག་ས་ཆ་འདིར་ཕེབས་པ་དང་། ང་ཚོར་སྐུ་པར་དང་ཕྱག་དབང་བསྩལ་བས་སེམས་ལ་དགའ་ཚོར་ཆེན་པོ་འདུག རྗེས་སུ་ནག་ཆུར་མང་ཙམ་ཕེབས་རྒྱུ་དང་དབང་མང་ཙམ་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས། 
         དད་ལྡན་པར་བཅར་འདྲི་ཞུ་སྐབས། དད་ལྡན་པ་འགའ་རེས་ཉིན་དེའི་མཛད་སྒོའི་སྒྲིག་ལམ་ལ་བསྔགས་བརྗོད་གནང་གི་འདུག དེའི་ཐད་ནག་ཆུ་རྫོང་གི་དད་ལྡན་པ་བུ་སྐལ་བཟང་ནས།  དེ་རིང་གཞན་དང་མི་འདྲ་བའི་སེམས་པ་སྐྱིད་པོ་འདུག ནམ་རྒྱུན་སྨན་སྒྲུབ་སོགས་ཀྱི་སྐབས་འཚང་ཁ་ཆེན་པོ་ཡོད། དེ་རིང་འཚང་ཁ་གཏན་ནས་མི་འདུག ཚང་མར་ཕྱག་དབང་ཐོབ་འདུག སྒྲིག་ལམ་ཤིན་ཏུ་ཡག་པོ་བཟོས་འདུག་ཅེས་གསུངས། རང་ཉིད་ཀྱི་ཕ་མ་རྒན་རྒོན་ཁྲིད་ནས་པཎ་ཆེན་རིན་པོ་ཆེ་མཇལ་བར་ཕེབས་པའི་དད་ལྡན་པ་ཚེ་རིང་སྒྲོལ་མ་ལགས་ནས།  དེ་རིང་སྐྱིད་པོ་བྱུང་། དེ་རིང་བང་གྲལ་ཧ་ཅང་ཡག་པོ་སྒྲིག་འདུག དེར་བརྟེན་རྒན་འཁོགས་ཁྲིད་ནའང་དཀའ་ངལ་མི་འདུག་ཅེས་གསུངས།  དད་ལྡན་པ་མགོ་ཐར་ལགས་ནས།  མང་ཚོགས་ཁྲི་སྟོང་མང་པོས་དེ་རིང་པཎ་ཆེན་རིན་པོ་ཆེ་མཇལ་བ་དང་། སྤྱི་བདེ་སོགས་འབྲེལ་ཡོད་ལས་ཁུངས་ནས་ང་ཚོར་བྱམས་སྐྱོང་བྱས་ནས་འཐུང་ཆུ་དང་རྐུབ་སྟེགས་གྲ་སྒྲིག་བྱས་པ་སོགས་གོང་རིམ་ནས་བཀོད་སྒྲིག་ཧ་ཅང་ཡག་པོ། དགའ་འོས་པ་སྐྱིད་འོས་པ་ཞིག་གནང་འདུག མཇུག་ཏུ་ངས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་ཡང་ནས་ཡང་དུ་མཇལ་བའི་སྨོན་ལམ་འདེབས་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞེས་གསུངས། 
         སྤྱི་ཟླ་8ཚེས་1ཉིན། པཎ་ཆེན་རིན་པོ་ཆེ་སྔ་ཕྱིར་ནག་ཆུ་གྲོང་རྡལ་གྱི་དབུལ་པོའི་དུད་ཁྱིམ་བཀྲ་ཤིས་ཕུན་ཚོགས་ཀྱི་ཁྱིམ་དང་ནག་ཆུ་ས་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་སློབ་རྣམས་ལ་གཟིགས་པར་ཕེབས། པཎ་ཆེན་རིན་པོ་ཆེ་མཆོག་བཀྲ་ཤིས་ཕུན་ཚོགས་ཀྱི་ཁྱིམ་དུ་ཕེབས་རྗེས། བཀྲ་ཤིས་ཕུན་ཚོགས་ཁྱིམ་གྱི་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་དང་། མ་འོངས་པར་འཚོ་བ་ལེགས་བཅོས་བྱ་རྒྱུའི་ཐད་བཀའ་སློབ་ཡང་བསྩལ་གནང་ཡོད། ཁོང་གིས། ཕྲུ་གུ་སློབ་གྲྭར་ཡག་པོ་གཏོང་དགོས། རྗེས་སུ་ཤེས་བྱ་ཡོན་ཏན་ལྡན་པར་གྱུར་ན་ལས་ཀ་ཡག་པོ་ཐོབ་སྲིད། ལས་ཀ་བྱེད་ས་གཞན་ཡོད་ན་བུ་མོ་དང་མག་པ་ཡང་ལས་ཀར་བཏང་ན་ཡག་པོ་ཡོད། ཁོང་གཉིས་ད་ལྟ་ལོ་ན་ཆུང་ཆུང་རེད། ལས་ཀ་ཧུར་ཐག་བྱས་ན་འཚོ་བའི་འབྱུང་ཁུངས་གང་མང་རྙེད་ཐུབ། སྤྱིར་ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་རེད། དབུལ་ཕྱུག་ཚང་མར་ཐུགས་ཁུར་དང་མཐོང་ཆེན་བྱེད་ཀྱི་ཡོད། ལྷག་པར་དུ་ང་ཚོ་འབྲོག་པའི་ས་ཁུལ་གྱི་དབུལ་པོ་ཚོར་སྲིད་ཇུས་ཐོག་ནས་དམིགས་བསལ་གྱི་ཐུགས་ཁུར་གནང་གི་ཡོད། ཡིན་ནའང་རང་ཉིད་རྩ་བ་ནས་དབུལ་པོའི་གནས་ནས་ཐར་བ་བྱ་དགོས་ན་སོ་སོའི་འབད་བརྩོན་ལ་བརྟེན་དགོས། དེར་བརྟེན་བུ་མོ་དང་མག་པ། དེ་བཞིན་ཕྲུ་གུ་ཆུང་ཆུང་ལ་འབད་བརྩོན་གནང་དགོས་པའི་སློབ་གསོ་བསྐྱོན་དགོས། ངས་ཀྱང་ཁྱེད་རང་ཚོའི་ཁྱིམ་ཚང་གི་ནང་མི་ཚང་མ་ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་རྒྱག་ཆོག་ཅེས་གསུངས།  པཎ་ཆེན་རིན་པོ་ཆེ་མཆོག་འཁོར་དང་བཅས་པའི་འཚམས་འདྲིའི་ས་ཚིགས་གཉིས་པ་དེ་ནག་ཆུ་ས་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་ཡིན། སློབ་གྲྭ་དེ་ནི་ལོང་བ་དང་། ལྐུགས་པ། དབང་རྩ་ཉམས་པ་བཅས་བྱིས་པ་དབང་པོ་སྐྱོན་ཅན་གྱི་རིགས་ལ་ལོ་དགུའི་འགན་བབ་སློབ་གསོ་དང་། ལས་རིགས་རྩལ་ནུས་སློབ་གསོ། ལུས་གསོའི་སློབ་གསོ་སོགས་གཏོང་སའི་ཕྱོགས་བསྡུས་སློབ་གྲྭ་ཞིག་ཡིན་པ་དང་། མིག་སྔར་སློབ་གྲྭ་དེར་སློབ་གསོ་མྱོང་མཁན་བྱིས་པ་དབང་པོ་སྐྱོན་ཅན་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོད་པ་དང་། ཁོང་ཚོ་ནི་ནག་ཆུ་ས་ཁུལ་གྱི་རྫོང་ཁག་ནས་བསྡུས་པ་ཤ་སྟག་རེད། ནག་ཆུ་ས་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཁོར་ཁུག་བཀོད་པ་གཙང་བ་དང་། སྒྲིག་ཆས་ཆ་ཚང་བ། ལྷག་པར་དུ་དགེ་རྒན་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་ གཅེས་སེམས་དང་ངང་རིང་གནང་བའི་འོག བྱིས་པ་དབང་པོ་སྐྱོན་ཅན་དག་བྱིས་པ་གཞན་དང་འདྲ་བར་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་དང་སློབ་སྦྱོང་ལ་རོལ་བ་གཟིགས་རྗེས། རིན་པོ་ཆེ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་གནང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་སློབ་ཁང་རེ་རེ་བཞིན་གཟིགས་གནང་ཞིང་། རྒན་ལགས་རྣམ་པར་སློབ་མ་ཚོའི་ལུས་ཁམས་དྲག་སྐྱེད་དང་སློབ་སྦྱོང་གི་སྐོར་བཀའ་འདྲི་ཞིབ་ཚགས་གནང་བ་དང་། ཆབས་ཅིག་བྱམས་བརྩེའི་ངང་བྱིས་པ་རྣམས་ལ་བཀའ་མོལ་གསུངས་པ་དང་སྐུ་རྩེད་རྩེད་རོགས་གནང་ཡོད།  སྐབས་དེར། དེར་ཡོད་མི་རྣམས་ནས་པཎ་ཆེན་རིན་པོ་ཆེས་བྱིས་པ་རྣམས་དང་བཀའ་མོལ་གནང་སྐབས་ཐུགས་སེམས་སྐྱོ་སྣང་ཆེན་པོ་གནང་བ་དང་སྤྱན་ཆབ་འཁོར་བ་མཐོང་འདུག   དེ་ནས་བྱིས་པ་ལོང་བ་མེ་ཏོག་ལྷ་མོ་དང་སྐལ་བཟང་ལྷ་མོ་སློབ་སྦྱོང་བྱེད་སའི་སློབ་ཁང་ཆུང་ཆུང་དེའི་ནང་ཕེབས་རྗེས། བྱིས་པ་ལོང་བ་མེ་ཏོག་ལྷ་མོ་དང་སྐལ་བཟང་ལྷ་མོས། ང་ཡི་ཨ་མ་ཡག་མོ་ཞེས་པའི་གཞས་དེའི་དུམ་བུ་གཅིག་བཏང་བར། པཎ་ཆེན་རིན་པོ་ཆེས་གཞས་ཧ་ཅང་ཡག་པོ་བཏང་སོང་། གང་ནས་སྦྱངས་སམ། སུས་བསླབ་བྱུང་ཞེས་བཀའ་འདྲི་གནང་བར། བུ་མོ་ལོང་བ་མེ་ཏོག་ལྷ་མོ་དང་སྐལ་བཟང་ལྷ་མོས། རྒན་གཡང་འཛོམས་ལགས་ནས་བསླབ་གནང་བྱུང་། རྒན་གཡང་འཛོམས་ལགས་ནས་ན་ནིང་ང་ཚོར་གཞས་འགའ་བསླབ་བྱུང་། ད་ལྟ་རྒན་གཡང་འཛོམས་ལགས་འདིར་མེད། ད་ལྟ་རྒན་ལེའུ་ལགས་ཡོད་ཅེས་ཞུས། པཎ་ཆེན་རིན་པོ་ཆེས་ཉེ་དུས་གཞས་སྦྱངས་ཡོད་དམ་ཞེས་བཀའ་འདྲི་གནང་བར། བྱིས་པ་ལོང་བ་མེ་ཏོག་ལྷ་མོ་དང་སྐལ་བཟང་ལྷ་མོས། ད་ལྟ་གཞས་གསར་པ་ཞིག་སྦྱོང་བཞིན་ཡོད་ཅེས་ཞུས་ནས། ད་ལྟ་སྦྱོང་བཞིན་པའི་གཞས་ཁྱེད་ནི་ང་ཡི་མིག་ཡིན་ཞེས་པ་དེའི་དུམ་བུ་འགའ་བཏང་།  གཞས་དེ་གསན་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་ནས། གཞས་ཧ་ཅང་ཡག་པོ་བཏང་སོང་། ཐུགས་རྗེ་ཆེ་ཞེས་ཞུས་པར། བུ་མོ་མེ་ཏོག་ལྷ་མོས། ཐུགས་རྗེ་ཆེ་གསུངས་མི་དགོས། ཨ་ཁུ་ལགས། ག་ལེར་ཕེབས་ཞེས་ཞུས་པར། པཎ་ཆེན་རིན་པོ་ཆེ་མཆོག་ནས་ཀྱང་ག་ལེར་བཞུགས་ཞེས་གསུངས་ནས་སློབ་ཁང་ནས་ཞལ་གྱེས་གནང་། 
         ཉིན་དེར་པཎ་ཆེན་རིན་པོ་ཆེ་མཆོག་ནས་ནག་ཆུ་ས་ཁུལ་དྭ་ཕྲུག་ཁང་ལ་ཞལ་འདེབས་སྒོར་ཉིས་འབུམ་ལྔ་ཁྲི་བསྩལ་གནང་ཡོད། ངོ་སྤྲོད་གནང་བར་གཞིགས་ན། ཞལ་འདེབས་ཕྱག་དངུལ་དེ་དག་ནི་ཁ་སྔོན་གཞིས་རྩེར་དུས་འཁོར་དབང་ཆེན་གནང་སྐབས་དད་ལྡན་མང་ཚོགས་ནས་པཎ་ཆེན་རིན་པོ་ཆེར་ཕུལ་བ་ཤ་སྟག་ཡིན་པ་རེད།  རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
    ༄༅།།པཎ་ཆེན་རིན་པོ་ཆེས་ནག་ཆུར་ཆོས་ཀྱི་མཛད་འཕྲིན་སྐྱོང་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།