འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རི་འགོག་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་མོ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན། ཀྲུང་གོའི་རི་འགོག་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་བྱང་ཤར་རི་འགོག་མཉམ་འབྲེལ་བཙུགས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་དགེ་འོས་སློབ་གླིང་དུ་འཚོགས་པ་རེད།
         ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཀྲུང་གོའི་སྐད་ཞིབ་དཔེ་སྐྲུན་ཁང་། ཀྲུང་གོའི་ཚན་རིག་ཞིབ་འཇུག་ཁང་། དམག་དོན་ཚན་རིག་ཁང་། རི་པིན་རྒྱལ་དམག་ལོ་རྒྱུས་རིགས་གཞུང་ལྷན་ཚོགས། ཨུ་རུ་སུའི་ཞི་བདེ་རྒྱ་མཚོའི་རྒྱལ་འཛུགས་སློབ་ཆེན་སོགས་ཚན་པ་20ལྷག་ཙམ་གྱི་རིགས་གཅིག་མཁས་པ་དང་། གསར་བརྗེའི་སྔོན་བྱོན་པ། རི་འགོག་མཉམ་འབྲེལ་གྱི་འཐབ་འཛིང་པའི་རྗེས་རབས་ཀྱི་འཐུས་མི། བྱང་ཤར་རི་འགོག་མཉམ་འབྲེལ་སྙིང་སྟོབས་དྲིལ་བསྒྲགས་རུ་ཁག་གི་རུ་མིའི་འཐུས་མི། མུའུ་ཏན་ཅང་དགེ་འོས་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི་སོགས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་རེད།
         འཛམ་གླིང་མི་དམངས་ཀྱི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་གཡུལ་སའི་ཐོག་གི་འགོ་སྔ་ཤོས་བཙུགས་པ་དང་། དུས་ཚོད་རིང་ཤོས་འཁྱོལ་བ། གནས་སའི་ཁོར་ཡུག་གི་ཆ་རྐྱེན་ཞན་ཤོས་བཅས་ཡིན་པའི་རི་འགོག་དཔུང་སྡེ་ཞིག་ཡིན་པའི་བྱང་ཤར་རི་འགོག་མཉམ་འབྲེལ་གྱིས་དཀའ་ཚེགས་ཆེ་བའི་བགྲང་བྱ་14ཡི་ནང་གདུག་རྩུབ་ཆེ་བའི་རི་པིན་བཙན་འཛུལ་པ་དང་འཐབ་རྩོད་དྲག་པོ་བྱས་ནས་ཀྲུང་གོའི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རི་འགོག་མཉམ་འབྲེལ་གྱིས་རི་པིན་མཚོ་ཇག་དང་འཐབ་རྩོད་བྱེད་རིང་མུའུ་ཏན་ཅང་ས་ཁུལ་ནི་བྱང་ཤར་རི་འགོག་མཉམ་འབྲེལ་གྱི་རྟེན་གཞི་དང་རི་འགོག་གཡུལ་ས་གལ་ཆེན་ཞིག་ཡིན་ལ། “འཛམ་གླིང་དམག་ཆེན་གཉིས་པའི་མཐའ་མའི་གཡུལ་ས”ཞིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།