འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མདོ་ལ་རི་བོའི་འདབས་སུ་ལུས་རྩལ་གྱི་སྤྲོ་སྣང་ལ་རོལ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཕྱོགས་ཐོན་ལུས་རྩལ་ལ་དགའ་བའི་དབྱང་མིང་ལན་གྱིས་ལུས་སུ་ཕྱོགས་ཆས་སྤྲས་པ་དང་མིག་ལ་ཇ་ཁུ་མདོག་གི་མིག་ཤེལ་བཏགས་ནས་རོགས་པ་དང་མཉམ་དུ་མདོ་ལ་རི་བོའི་འདབས་སུ་རྐང་ཐང་མར་བསྐྱོད། ཚེས་14ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཉེར་བའི་2016ལོའི་ཀྲུང་གོའི་རྒྱལ་སྤྱིའི་སྒར་སྡོད་འདུ་ཚོགས་མདོ་ལའི་ས་ཚུགས་ཀྱི་བྱེད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་ལ་འགོ་བཙུགས་ཤིང་། ཕྱོགས་ཐོན་ལུས་རྩལ་ལ་དགའ་མཁན་ཆིག་སྟོང་ལྷག་ཙམ་གྱིས་ས་མཐོར་འཛོམས་ནས་ཕྱོགས་ཐོན་ལུས་རྩལ་ལས་བྱུང་བའི་སྤྲོ་སྣང་ཉམས་སུ་མྱངས་ཡོད།
         ལོ་48ལ་སླེབས་པའི་དབྱང་མིང་ལན་ནི་མཚོ་སྔོན་སེམས་ཕྱོགས་ཕྱོགས་ཐོན་སྤྲོ་སྐྱིད་ཁང་ནས་ཡོང་ཞིང་། གཟའ་འཁོར་རེའི་གཟའ་མཇུག་ལ་ཁོང་གིས་རུ་མི་གཞན་དང་མཉམ་དུ་ཟི་ལིང་གྲོང་འདབས་ཀྱི་མཛེས་ལྗོངས་ཁུལ་ལ་རྐང་ཐང་མར་བསྐྱོད་དེ་སྒར་སྡོད་བྱེད་སྒོའི་ནང་ཞུགས་བཞིན་ཡོད། དབྱང་མིང་ལན་གྱིས་ཕྱོགས་ཐོན་ལུས་རྩལ་ལས་ང་ལ་རང་བྱུང་ཁམས་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་བྱུང་ལ། ལུས་རྩལ་ལས་རང་ཉིད་ཀྱི་སེམས་པ་རྒས་ཀྱི་མི་འདུག་ཅེས་བཤད།
         སྟོན་ཁ་ཤར་རྗེས། ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཡོད་པའི་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་དུ་སྔ་དགོང་གཉིས་ལ་གནམ་གཤིས་གྲང་མོ་ཡོད་པ་དང་། ཁོང་ཚོ་སླེབས་པའི་མཚན་མོ་དེར་ཆར་ཟིམ་བབས་ནས་ལམ་ངོས་ཀྱི་རྩྭར་ཟིལ་པ་ཁྲུམ་ཁྲུམ་འཁོར། དབྱང་མིང་ལན་དང་རུ་མི་ཚོ་སྡོད་སའི་སྒོ་ཁར་མེ་ཏོག་ཟིང་སྐྱ་ཆག་པ་ཞིག་བཞག་ཡོད་པས། དེའི་དབྱང་མིང་ལན་གྱིས“ཆར་པ་བབས་རྗེས་དགོང་མོ་ཉལ་ཁུག་ནང་གྲང་ཤུར་ཤུར་བྱེད་ནའང་། འཁྲིས་ཀྱི་མཛེས་པའི་མེ་ཏོག་གིས་ང་ཚོར་སྤྲོ་སྣང་མང་པོ་ཞིག་སྦྱིན་བྱུང”ཞེས་བཤད།
         ཉིན་དེར་སྒར་སྡོད་འདུ་ཚོགས་ཕུད་ཕྱི་ལ་རང་འདོད་རྒྱུག་ཤར་དང་། གུར་འབུབ་པ། ཐག་པ་འཐེན་པ་སོགས་ཀྱི་བྱེད་སྒོ་སྤེལ་བས་རུ་མི་རྣམས་ལ་སྤྲོ་སྣང་ཆེན་པོ་བྱུང་ཡོད།
         མཚོ་སྔོན་ནས་ཡིན་པའི་ཕྱོགས་ཐོན་ལུས་རྩལ་ལ་ཤིན་ཏུ་དགའ་བའི་དབྱིང་ཧའེ་ཉིང་ལ་ཉིན་དེའི་གུར་ཕུབ་པའི་འགྲན་བསྡུར་ནང་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཅིང་། ཁོང་གིས་ལོ་ལྟར་ང་ཚོ་མཚོ་སྔོན་མོ་དང་རྨ་ཆུའི་འགྲམ་གྱི་ཁྲི་ཀ་རྫོང་སོགས་ལ་གུར་ཕུབ་པར་འགྲོ་ཡི་ཡོད། “རུ་མི་རྙིང་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་གུར་དབུབ་རྒྱུ་ནི་ཤིན་ཏུ་དཀའ་བ་ཞིག་མིན”ཞེས་སྤོབས་པས་ཁེངས་བཞིན་དུ་བཤད།
         “ང་ཚོ་འདི་ནས་རང་བྱུང་ཁམས་ལ་བསྐྱོད་དེ་ལང་ཚོའི་དཔལ་ངོམས་བཞིན་ཡོད་ལ། འདི་ནས་ང་ཚོར་ཡོངས་སུ་ཐ་དད་པའི་འཚོ་བའི་མྱོང་ཚོར་གསར་པ་ཞིག་སྐྱེ་ཡི་འདུག”ཅེས་དབྱིང་ཧའེ་ཉིང་གི་རོགས་ཟླ་ཆུས་ཅུན་ཧྭ་ཡིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།