འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཐོན་རྫས་ལ་ཨོ་རྩལ་འགྲན་ཚོགས་ཀྱི་རྟགས་མ་སྤྲོད་འོས་པ་ཞིག་ཡོད། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པར་ཙིར་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཁག་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་དང་། རྣམ་གྲངས་ཁག་གི་ལུས་རྩལ་པ་ལ་ལས་ནུས་པ་ཆེན་པོ་འདོན་ཐུབ་ཡོད་ལ་འགའ་རེས་ནུས་པ་དེ་ཙམ་འདོན་ཐུབ་མེད། ཡིན་ནའང་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཐོག་སྦྱངས་འབྲས་བརྟན་ཤོས་ཀྱི“བདམས་ཐོན་པ”ནི“ཀྲུང་གོའི་ཐོན་རྫས”ཞེས་པ་དེ་རེད།
         བཀྲ་ཤིས་མཚོན་རྟགས་དང་། གཞུང་ཕྱོགས་ཀྱི་རྟགས་མ། བྱ་དགའ་སྤྲོད་སྐབས་འགེལ་བྱེད་རྒྱལ་དར། དང་བླངས་པའི་གྱོན་ཆས་སོགས་རྒྱུན་གཏན་གྱི་ཀྲུང་གོའི་ཐོན་རྫས་ནས“ཨོ་རྩལ་འགྲན་ཚོགས་ཀྱི་ས་འོག་མེ་འཁོར”དང་། བདེ་འཇགས་ཞིབ་བཤེར་སྒྲིག་ཆས། ལུས་རྩལ་ཐང་དང་ཁང་གི་མཁའ་རླུང་སྙོམས་སྒྲིག་ཡོ་ཆས། “ཀྲའེ་ཁ”ཞིབ་དཔྱད་ཚད་ལེན་ཡོ་ཆས་སོགས་ཚན་རྩལ་མཐོ་བའི་བཟོ་སྐྲུན་བར“ཀྲུང་གོའི་ཐོན་རྫས”དེ་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཐོག་གི་མངོན་གསལ་དོད་ཤོས་སུ་གྱུར་ཡོད་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་ཐོན་རྫས་ཀྱི་གྲས་ཤིག་ཏུའང་གྱུར་ནས་དེའི་འོད་མདངས་ཨོ་རྩལ་འགྲན་ཚོགས་ཀྱི་བདམས་ཐོན་པ་དང་འདྲ་བར་ལྷག་པར་འཕྲོ་བས་ཨོ་རྩལ་འགྲན་ཚོགས་ཀྱི་རྟགས་མ་ཞིག་སྤྲོད་འོས་པ་ཞིག་ཡོད།
         དོན་དམ་དུ་ཀྲུང་གོའི་ཁེ་ལས་ཀྱི་ངོས་ནས་བརྗོད་ཚེ་གྱོན་ཆས་དང་། ལྷམ་ཞྭ། སྤུན་དོག་རྩེད་ཆས། བཟོ་རྩལ་ཐོན་རྫས་བཅས་ཀྱི་ཚོང་རྟགས་ལ་བརྟེན་ནས“ཀྲུང་གོའི་ཐོན་རྫས”ངོ་སྤྲོད་བྱེད་སྟངས་དེ“དུས་འདས་པར”གྱུར་ཟིན་ཞིང་། ད་ཆ་ཚན་རྩལ་གྱི་སྟོབས་ཤུགས་དང་ལག་རྩལ་གསར་གཏོད་ཀྱི་གཏིང་ཤུགས་ལྡན་པའི་ཀྲུང་གོའི་སྤུས་རྟགས་མི་ཉུང་བ་ཞིག་ལ་རྒྱལ་སྤྱིའི་ཐོག་ཁས་ལེན་དེ་བས་མང་བ་ཐོབ་ཡོད།
         ཨོ་རྩལ་འགྲན་ཚོགས་རིང་ཉིན་ལྟར་མི་ཁྲི་30ཙམ་གྱིས་ཀྲུང་གོས་ཐོན་སྐྱེད་བྱས་པའི་ས་འོག་ལྕགས་ལམ་མེ་འཁོར་ནང་བསྡད་ནས་ལི་གཡོད་གྲོང་ཁུལ་དང་ཨོ་ལིམ་ཕིག་སྤྱི་གླིང་དབར་ཕར་འགྲོ་ཚུར་འོང་བྱེད་པ་དང་། འགྲན་རའི་ནང“ཀྲུང་གོའི་གཞི་རྒྱུའི”འོད་མདངས་གང་སར་འཕྲོ་བ། ལུས་རྩལ་ཐང་དང་ཁང་དང་ཨོ་རྩལ་གྲོང་ཚོའི་མཁའ་རླུང་སྙོམས་སྒྲིག་ཡོ་ཆས་ཚང་མ་ནི་ཀྲུང་གོས་བཟོས་པ། ལུས་རྩལ་ཐང་ཕྱི་རོལ་གྱི་འགྲན་བསྡུར་ལས་དོན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་Xའཕྲོ་འོད་བདེ་འཇགས་ཞིབ་བཤེར་ཡོ་ཆས་ཀྱང་གཙོ་བོ་ཀྲུང་གོའི་ཁེ་ལས་ཀྱིས་མཁོ་འདོན་བྱས་པ་མ་ཟད། ཐ་ན་ཨོ་རྩལ་འགྲན་ཚོགས་ལུས་རྩལ་ཐང་དང་ཁང་སྐྲུན་པའི་ཐད་ཀྲུང་གོའི་ཁེ་ལས་ཀྱིས་བྱས་རྗེས་སུབ་ཐབས་མེད་པ་བཞག་ཡོད། དེ་གོང་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཐང་དང་ཁང་གི་ལས་ཡུལ་ཐོག་ཀྲུང་གོའི་ལས་གྲྭའི་འཕྲུལ་འཁོར་སྒྲིག་ཆས་ཀྱི་མཚོན་རྟགས་གསལ་པོ་མཐོང་རྒྱུ་ཡོད།
         ཀྲུང་གོ་བ་ཚོས“གསེར་གྱི་རྟགས་མ་ཁོ་ན་སྨྲ་བ”ཞེས་པར་དོ་སྣང་དེ་ཙམ་མི་བྱེད་པར་འགྲན་བསྡུར་ལོངས་སྤྱོད་ལ་དེ་བས་དོ་སྣང་དང་ལུས་རྩལ་གྱི་དང་པོའི་རྣམ་པར་བསྐྱར་ལོག་ཐུབ་པ་བྱེད་པའི་སྐབས་སུ“ཀྲུང་གོའི་ཐོན་རྫས”ཞེས་པར་ཡང་ཕྱོགས་སྒྱུར་རིམ་སྤོར་ཐུབ་ནས་དྲན་རྟེན་དངོས་པོའི་ཚོང་ཁང་གི་ཚོང་སྟེགས་ཐོག་འདོན་རྒྱུ་ཁོ་ནར་ཡིད་མ་ཚིམས་པར་སྤུས་ཚད་དང་ལག་རྩལ་གཉིས་ཀ་ཡག་པོ་ཡོང་བ་བྱེད་པ་དང་དུས་མཚུངས་ཨོ་རྩལ་འགྲན་ཚོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལུས་རྩལ་ཐང་དང་ཁང་གི་སྒྲིག་ཆས་བཀོད་སྒྲིག་ཐད་བློ་རིག་གི་སྟོབས་ཤུགས་མངོན་པར་བྱས་ཡོད།
         ཨོ་རྩལ་འགྲན་ཚོགས་ནི་ལུས་རྩལ་གྱི་རྒྱས་འཛོམས་ཤིག་ཡིན་ལ་གོ་ལ་ཧྲིལ་པོའི་ཁེ་ལས་ཀྱི་སྟོབས་ཤུགས་འགྲན་པའི་འགྲན་ར་ཞིག་ཀྱང་ཡིན་ཞིང་། “ཀྲུང་གོས་བཟོས”ཞེས་པ་ནས“ཀྲུང་གོའི་སྤུས་རྟགས” དེ་ནས“ཀྲུང་གོའི་བློ་རིག”ཞེས་པའི་བར་ལི་གཡོད་དེ་ཀྲུང་གོའི་ཁེ་ལས་ཀྱིས་འཛམ་གླིང་ལ་ཉམས་འགྱུར་ངོམས་པ་དང་ནང་དོན་གསལ་འགྲེལ་བྱེད་པའི་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར་ཏེ“ཀྲུང་གོའི་སྤུས་རྟགས”ལ་འོད་སྟོང་ལྷག་པར་འཕྲོ་བས་རྟགས་མ་སྤྲོད་འོས་པ་ཞིག་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།