འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་(རྒྱལ་སྤྱིའི་)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དྲུག་པ་ཟླ་8ཚེས་4ཉིན་
    ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་05ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དགྲ་འདུལ་ལགས་ཀྱིས་གཏམ་བཤད་གནང་བ།
    དགྲ་འདུལ་ལགས་ཀྱིས་གཏམ་བཤད་གནང་བ།
         མི་དམངས་དྲ་བའི་འཕྲིན། པེ་ཅིང་(རྒྱལ་སྤྱིའི་)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དྲུག་པ་ནི་2016ལོའི་ཟླ་8ཚེས་2ཉིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོག་འགོ་ཚུགས་པ་དང་། ཟླ་8ཚེས་4ཉིན་གྱི་ཕྱི་དྲོར་དཔྱད་གླེང་གྲོས་ཚོགས་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འགོ་ཁྲིད་དང་མཛུབ་སྟོན་གནང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་ཐུགས་ཁུར་དང་རོགས་སྐྱོར་གནང་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་པ་དང་མཁས་དབང་ཚོས་ཐུན་མོང་དུ་འབད་བརྩོན་གནང་བའི་འོག པེ་ཅིང་(རྒྱལ་སྤྱིའི་)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དྲུག་པ་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་ཞིང་། སྔོན་དཔག་དམིགས་ཡུལ་ལེགས་འགྲུབ་བྱུང་བས། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་རེད།
         དཔྱད་གླེང་གྲོས་ཚོགས་སྐབས་འདིར་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་པ་དང་མཁས་དབང་325ལྷག་ཕེབས་ཡོད་པས། དཔྱད་གླེང་གྲོས་ཚོགས་སྐབས་རིམ་བྱུང་ལ་ཞུགས་ཚད་ལས་བརྒལ་བ་རེད། རྒྱལ་ཁབ་ཕྱི་ནང་གི་མཁས་དབང་གྲགས་ཅན་བཅུ་ལྷག་གིས"རྒྱུད་གཅིག་ལམ་གཅིག"གི་འཐབ་ཇུས་ལ་དམིགས་ནས་བོད་ལྗོངས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུའི་གནད་དོན་དང་། ལེགས་སྦྱར་ཡི་གེའི་ཏ་ལའི་ལོ་མའི་ཆོས་དཔེ་ལ་ཞིབ་འཇུག  བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ལ་ཞིབ་འཇུག  སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་སྐོར་ལ་ཞིབ་འཇུག  ཁྲིམས་ལྟར་བོད་དོན་སྐྱོང་བ་ལ་ཞིབ་འཇུག  བོད་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་ལ་སོགས་པའི་བོད་རིག་པར་ཞིབ་འཇུག་དང་། སྤྱི་ཚོགས་ལ་ཞབས་ཞུ། བོད་རིག་པ་འཕེལ་རྒྱས་སོགས་མི་རྣམས་ཀྱི་ཐུགས་ཁུར་གལ་ཆེན་པོ་གནང་བའི་སྐོར་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད། དཔྱད་གླེང་གྲོས་ཚོགས་ཀྱིས"རྒྱུད་གཅིག་ལམ་གཅིག"དང་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ཚོགས་ཆུང་དང་སྤྱི་ཚོགས་རིགས་འགྱུར་དང་འཕོ་འགྱུར་ཚོགས་ཆུང་ལ་སོགས་པའི་ཆེད་དོན་19ལྟར་ཚོགས་ཆུང་དུ་དཔྱད་གླེང་བྱས་པ་དང་། རིག་གཞུང་ཚན་ཁག་ཁྱབ་ཁོངས་སོ་སོའི་ནང་གི་ཆེད་ལས་མཁས་པ་རྒན་པའམ་ཡོན་ཚད་ཆེན་པོ་ལྡན་པའི་མཁས་དབང་གིས་ཚོགས་ཆུང་གི་ཚོགས་འདུ་སྡུད་མཁན་གནང་བས། དཔྱད་གླེང་གྲོས་ཚོགས་ཀྱི་ཆུ་ཚད་དང་སྤུས་ཚད་མཐོ་རུ་ཕྱིན་པ་རེད།
         དཔྱད་གླེང་གྲོས་ཚོགས་སྐབས་འདིར་ཆེད་ལས་མཁས་པ་དང་མཁས་དབང་ཚོས་ཚོགས་ཆེན་སྟེང་གཏམ་བཤད་གནང་བ་དང་ཚོགས་ཆུང་དུ་དཔྱད་གླེང་གནང་བ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ཡང་སྲིད་ངོས་འཛིན་སྐོར་གྱི་ཆེད་དོན་འགྲེམས་སྟོན་དང་། མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་པེ་ཅིང་དང་སོག་པོའི་ས་ཁུལ་གྱི་བོད་ཡིག་ཚད་ལྡན་ཡིག་ཆ་འགྲེམས་སྟོན། བོད་རིག་པའི་དཔེ་དེབ་འགྲེམས་སྟོན། ཙ་ཀ་ལི་འགྲེམས་སྟོན་དང་འཆད་འཁྲིད། མི་རིགས་ཀྱི་ལོ་རྒྱུས་དངོས་མཚོན་ཆེད་དོན་གློག་བརྙན་《མི་ཡུལ་གྱི་དག་ཞིང་》ལ་གཟིགས་པ། ཡུལ་དངོས་སུ་གཟིགས་ཞིབ་གནང་བ་སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་ཀྱང་བྱས་ཡོད་པས། དཔྱད་གླེང་གྲོས་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ལྡན་པ་རེད།
         དཔྱད་གླེང་གྲོས་ཚོགས་སྐབས་འདིའི་རིང་ཆེད་ལས་མཁས་པ་ཚོས་བསྐུར་གནང་བའི་དཔྱད་རྩོམ་ཁྱོན་416འབྱོར་བ་དང་། དེའི་ནང་ནས་དཔྱད་རྩོམ་308བདམས་ཐག་བཅད་ཅིང་། དཔྱད་རྩོམ་དེ་དག་ནི་བོད་རིག་པ་ཞིབ་འཇུག་གི་ཕྱོགས་སོ་སོ་ཚང་མར་ཁྱབ་ཡོད་པས། ཉེ་བའི་ལོ་ཤས་རིང་གི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་ལ་གཟིགས་ཞིབ་ཆེན་པོ་གནང་བ་ཞིག་རེད། ཆེད་ལས་མཁས་པ་དང་མཁས་དབང་ཚོས་ཕུལ་བའི་དཔྱད་རྩོམ་དང་དཔྱད་གླེང་གནང་རིང་ཉེ་བའི་ལོ་ཤས་རིང་གི་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་གསར་པ་མངོན་གསལ་དུ་མཚོན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་ཞིབ་འཇུག་པས་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་ལ་ཞབས་ཞུ་གནང་བའི་འགན་འཁུར་བའི་འདུ་ཤེས་དང་གསར་གཏོད་ཀྱི་འདུ་ཤེས་ཀྱང་མངོན་གསལ་དུ་མཚོན་ཡོད་པ་རེད། ཆེད་ལས་མཁས་པ་དང་མཁས་དབང་ཚོས་དཔྱད་གླེང་གྲོས་ཚོགས་སྐབས་འདིས་ཕུལ་བའི་ཞིབ་འཇུག་གྲུབ་འབྲས་ཀྱི་ཁྱོན་ཡོངས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་དང་། གསར་གཏོད་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པས། སླད་ཕྱིན་བོད་རིག་པའི་བྱ་གཞག་འཕེལ་རྒྱས་གཏོང་བར་གསར་གཏོད་ཀྱི་དོན་སྙིང་ལྡན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
         དཔྱད་གླེང་གྲོས་ཚོགས་སྐབས་འདིའི་འཚོག་ཡུན་ཉིན་གསུམ་ཡིན་ཞིང་། གྲོས་ཚོགས་སུ་ཞུགས་མཁན་ཆེད་ལས་མཁས་པ་དང་མཁས་དབང་ཚོས་དུས་ཚོད་ཐུང་ཐུང་འདི་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་ལྟ་ཚུལ་གསལ་བཤད་གང་ལེགས་བྱེད་ཐབས་གནང་བ་སྟེ། སྒྲུབ་བྱེད་གཟབ་ནན་ཡིན་པ་དང་། གྲོས་བསྡུར་འཁྲུག་པོ་གནང་ཞིང་། འཆམ་མཐུན་སྤེལ་རེས་གནང་བས། ཚོགས་འདུ་འཚོགས་སྲོལ་ཧ་ཅང་བཟང་བ་སྟེ། རྨང་གཞིའི་ཞིབ་འཇུག་གི་གྲུབ་འབྲས་ལ་ཞིབ་དཔྱད་གནང་ཡོད་ལ། ད་ཡོད་གནད་དོན་ལ་ཞིབ་འཇུག་བྱ་རྒྱུའི་བསམ་གཞིགས་ཀྱང་ཡོད་པ། ཆེད་ལས་མཁས་པ་ཁ་ཤས་ཀྱིས་གཏམ་བཤད་ཐེངས་གཉིས་གསུམ་གནང་བ་མ་ཟད། ཆེད་ལས་མཁས་པ་ཁ་ཤས་ཀྱིས་ད་དུང་ཚོགས་ཆུང་གི་དཔྱད་གླེང་དུས་ཚོད་མང་དུ་གཏོང་རེ་གནང་བ་རེད། ཚོགས་འདུར་ཞུགས་པའི་ཆེད་ལས་མཁས་པ་དང་མཁས་དབང་ཚང་མས་ཡོངས་ཁྱབ་ཏུ་དཔྱད་གླེང་གྲོས་ཚོགས་སྐབས་འདིའི་ཚོགས་འདུ་འཚོགས་སྲོལ་བཟང་ཞིང་། ཚོགས་འདུའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་ལ། མཛའ་བརྩེ་ཡང་ཇེ་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན་པ་རེད།
         དུས་རབས་དང་སྤྱི་ཚོགས་གོང་དུ་འཕེལ་བའི་དགོས་མཁོ་དང་བསྟུན་ཆེད་1991ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པེ་ཅིང་(རྒྱལ་སྤྱིའི་)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་(སྐབས་དེ་དུས"པེ་ཅིང་ཀྲུང་གོའི་བོད་རིག་པ་གྲོས་གླེང་ཚོགས་འདུ"ཟེར།)སྐབས་དང་པོ་འཚོག་རྒྱུ་གསར་དུ་བཏོན་པ་མ་ཟད་དངོས་སུ་སྐོང་འཚོག་ཀྱང་བྱས་པ་རེད། 1997ལོ་དང་། 2001ལོ། 2008ལོ། 2012ལོ་བཅས་སོ་སོར་དཔྱད་གླེང་གྲོས་ཚོགས་སྐབས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་འཚོགས་པ་རེད། 2008ལོ་ནས་བཟུང་དཔྱད་གླེང་གྲོས་ཚོགས་དེ་ཉིད་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་མཉམ་དུ་གཉེར་འགོ་བརྩམས་ཤིང་། ལོ་བཞི་རེར་གྲོས་ཚོགས་ཐེངས་རེ་འཚོགས་པ་རེད། དཔྱད་གླེང་གྲོས་ཚོགས་ཀྱིས"རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་ལ་ཞབས་ཞུ"ཡི་དགོངས་དོན་གཞིར་བཟུང་སྟེ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་གཏིང་ཟབ་པོ་དང་། བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་གསར་པ་གསལ་སྟོན་གང་ལེགས། བོད་རིག་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཞིབ་དཔྱད་སྔར་ལས་ལེགས་པ་བཅས་བྱས་པ་རེད།
    དཔྱད་གླེང་གྲོས་ཚོགས་སུ་ཞུགས་པའི་མཁས་དབང་འགའ།
    དཔྱད་གླེང་གྲོས་ཚོགས་སུ་ཞུགས་པའི་མཁས་དབང་འགའ།
    ལིའུ་ཡིང་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།
    ལིའུ་ཡིང་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།