འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ས་ཆ་མང་པོར་འོང་སྐོར་གཏོང་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་ནས་གསེར་མདོག་གི་རླབས་ཕྲེང་འཕྱུར་བའི་ཟླ་བརྒྱད་པར་བོད་ཀྱི་ས་ཆ་མང་པོར་ལོ་གཅིག་དུས་གཅིག་གི་འོང་སྐོར་གཏོང་འགོ་ཚུགས་ཡོད།
         འོང་སྐོར་ནི་བོད་རིགས་ཞིང་པས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་དུས་ཆེན་ཡིན་ཞིང་། འོང་སྐོར་ལ་བགྲང་བྱ་1500ལྷག་གི་ལོ་རྒྱུས་ཡོད་པ་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། བོད་ཀྱི་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་སུ་ལོ་རེའི་བོད་ཟླ་ལྔ་པ་ནས་བདུན་པ་བར་དུ་གཏོང་སྲོལ་ཡོད། འོང་སྐོར་གཏོང་བའི་ཞིབ་ཕྲའི་དུས་ཚོད་ནི་ས་ཁུལ་ཁག་གི་ཞིང་ལས་དུས་ཚོད་ལ་གཞིགས་ནས་གཏན་འཁེལ་བྱེད་ཀྱི་ཡོད།
         བོད་ཀྱི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན་པའི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ནི་འོང་སྐོར་གཏོང་སྲོལ་ཅུང་སྔ་བའི་ས་ཆ་ཞིག་ཡིན་པ་དང་། ལོ་རེའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་གཏོང་གི་ཡོད། དེ་ཉིན་ཞོགས་པ་ལྷོ་བྲག་རྫོང་དཀར་པོ་སྡེ་ཁུལ་གྱི་གྲོང་མི་ཚོས་ཞོགས་སྔ་པོ་ནས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་སྡེ་ཁུལ་གྱི་ཞིང་ཐང་དུ་འོང་སྐོར་གཏོང་འགོ་ཚུགས་རྒྱུར་སྒུག་ནས་སྡོད་ཀྱི་ཡོད།
         བསང་གི་དུ་སྤྲིན་མཁའ་ལ་འཕྱོ་བ་དང་སྡེ་ཁུལ་འདིའི་དོན་གཉིས་གླིང་གི་དགེ་འདུན་པ་ཚོས་ལྷ་སྐུ་དང་ཐང་ག་བསྣམས་ནས་ཞིང་ཁའི་མུ་ཁར་ཕེབས་ཏེ་ལག་ཏུ་བསང་ཕོར་དང་དར་ལྕོག་འཁྱེར་བའི་གྲོང་མི་ཞིག་གི་སྣེ་ཁྲིད་འོག་འོང་ཁ་སྐོར་འགོ་ཚུགས་པ་དང་། འོང་ཁ་སྐོར་ཟིན་རྗེས་ཚང་མ་མཉམ་དུ་འཛོམས་ནས་དུས་ཆེན་གྱི་དགའ་བདེར་རོལ་བཞིན་ཡོད།
         རྟ་རྒྱུག་ནི་འོང་སྐོར་གྱི་བྱེད་སྒོ་འཁྲུག་ཤོས་ཤིག་ཡིན་ཞིང་། ཤང་དང་གྲོང་ཚོ་ཁག་གི་རྟ་པ་ཚོས་ཚོན་མདོག་རྣམ་པར་བཀྲ་བའི་གོས་ཆེན་གྱི་གྱོན་ཆས་གྱོན་པ་མ་ཟད། རང་ཁྱིམ་གྱི་རྟ་ཕོར་ཡང་མཛེས་རྒྱན་ལེགས་པར་སྤྲས་ཏེ་རྟ་པ་གཞན་དང་འགྲན་པར་བྱེད། ཉེ་ཆར་ལྷ་ས་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་ལྕགས་རུ་གྲོང་ཚོའི་འོང་སྐོར་གྱི་རྟ་རྒྱུག་འགྲན་བསྡུར་དེ་མི་རྣམས་ཀྱི་འབོད་སྒྲ་དང་རྟ་ཕོའི་འཚེར་སྒྲའི་ཁྲོད་འགོ་ཚུགས་ཤིང་། མཐར་ལོ་13ལ་སླེབས་པའི་བསྟན་འཛིན་ནོར་བུར་ཨང་དང་པོ་ཐོབ་པ་དང་། ཁོ་པ་ནི་ད་ཐེངས་རྟ་རྒྱུག་འགྲན་བསྡུར་གྱི་རྟ་པ་ལོ་ན་ཆུང་ཤོས་དེ་ཡིན་པ་རེད།
         བསྟན་འཛིན་ནོར་བུ་ཆུང་དུས་ནས་རྟ་བཞོན་རྒྱུར་དགའ་པོ་ཡོད་པས་ན་སོ་ཆུང་ཡང་རྟ་རྩལ་མཁས་ཐག་ཆོད་ཡོད། དགུང་སེང་སྐབས་སུ་རྟ་རྒྱུག་འགྲན་བསྡུར་ཡོད་པ་ཤེས་ཚེ། བསྟན་འཛིན་ནོར་བུས་འགྲན་བསྡུར་ནང་ཞུགས་རྐྱང་བྱེད་ཀྱི་ཡོད་པ་རེད། གྲོང་ཚོ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་འདུས་ཀྱིས“རྟ་ནི་བོད་རིགས་མི་དམངས་ཀྱི་གྲོགས་པོ་ཡིན་པ་དང་། རྟ་བཞོན་རྒྱུ་ཡང་ང་ཚོའི་སྲོལ་རྒྱུན་གྱི་རྩལ་ནུས་ཤིག་རེད། གྲོང་ཚོའི་གྲོང་མི་ཡོངས་ཀྱིས་འོང་སྐོར་དེ་ལོ་རེའི་དབྱར་ཁའི་སྐྱིད་ཤོས་དང་གལ་ཆེ་ཤོས་ཀྱི་དུས་ཆེན་ཞིག་ཏུ་བརྩི་ཡི་ཡོད་པས། གྲོང་ཚོའི་ནང་རྟ་རྒྱུག་འགྲན་བསྡུར་དང་དམངས་ཁྲོད་ཀྱི་གཞས་དང་ཞབས་བྲོ་འཁྲབ་གཏོང་བྱེད་པ་མ་ཟད། ད་དུང་ཚོང་འདུས་ཀྱང་འཚོགས་ཀྱི་ཡོད”ཅེས་ཤོད་ཀྱི་འདུག
         ཟླ་8ཚེས་7ཉིན་ཏེ་བོད་ཟླ་6ཚེས་5ཉིན། ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་གྲོང་རྡལ་དུ་འོང་སྐོར་གཏོང་འགོ་ཚུགས་ཤིང་། ལྷ་མོ་དང་སྒོར་གཞས་སོགས་སྲོལ་རྒྱུན་གྱི་གླུ་གར་སྣ་ཚོགས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད། ཕག་རི་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཚེ་རིང་སྟོབས་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཕག་རི་གྲོང་རྡལ་གྱི་དམངས་ཁྲོད་འོང་སྐོར་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མང་ཚོགས་ཚོས་བཙས་མ་མ་བརྔས་གོང་དུ་ཆོས་དཔེ་ཁུར་ནས་འོང་ཁ་སྐོར་བ་དང་དགེ་འདུན་པ་གདན་དྲངས་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཏེ། ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་འདེབས་ཀྱི་ཡོད།
         དབང་འདུས་ཀྱིས། ད་ཆ་མང་ཚོགས་དེ་བས་མང་བས་ཚན་རིག་ལ་བརྟེན་ནས་འབྲུ་རིགས་ཐོན་འཕར་ཡོང་བར་བྱེད་ཀྱི་ཡོད་མོད། འོན་ཀྱང་སྔར་བཞིན་སྲོལ་རྒྱུན་གྱི་བསྔོ་སྨོན་གསོལ་འདེབས་ཀྱི་གོམས་གཤིས་ཀྱི་རྒྱུན་བསྐྱངས་ནས་སྲོལ་རྒྱུན་གྱི་དུས་ཆེན་དེ་ད་བར་རྒྱུན་འཛིན་བྱས་ཡོད། དེ་དང་དུས་མཚུངས། འོང་སྐོར་དེ་ཡང་བཙས་མ་མ་བརྔས་གོང་། ལོ་འཁོར་མོ་དཀའ་སྤྱད་ལ་འབད་པའི་མི་རྣམས་དལ་དལ་ལྷོད་ལྷོད་དང་སྣང་བ་སྐྱིད་པོར་སྡོད་པའི་དུས་ཆེན་ཞིག་ཀྱང་རེད་ཅེས་བཤད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་འབྲུ་རིགས་ཀྱི་ཐོན་འབབ་འཕར་བར་བྱས་པ་སྟེ། 2015ལོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་102ཟིན་པའི་ནང་ནས་ཀྱི་ཐོན་འབབ་ཏུན་ཁྲི་70ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཅིང་། འདི་ལོ་བོད་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི་200ཟིན་ཡོད་པས། ནས་སོགས་འབྲུ་རིགས་ཀྱི་ཐོན་འབབ་ཏུན་ཁྲི་བརྒྱ་ཡན་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།