འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བགྲང་བྱ་དུ་མ་ངལ་བ་ཁྱད་དུ་བསད། ཡུལ་སྐོར་བ་ལ་ཞབས་འདེགས་ཧུར་ཐག་ཞུས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་14ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         པའོ་ཅེས་སྐུ་འབུམ་བྱམས་པ་གླིང་དུ་ལོ་17ཡུལ་སྐོར་སྣེ་ཤན་པ་བྱས་ཤིང་། ཁོང་ལ་ཤོག་ལྷེབ་ཐོག་ཟིན་བྲིས་བརྒྱབ་ནས་པ་ཀིར་ནང་བླུགས་པའི་གོམས་གཤིས་ཤིག་ཡོད། ཟིན་བྲིས་ནང་བོད་བརྒྱུད་ནང་བསྟན་གྱི་གཏམ་རྒྱུད་ཡོད་ལ། ཡུལ་སྐོར་བས་བཏོན་པའི་དྲི་བ་ཡང་ཡོད་པ་རེད། ཁོང་གིས་ཤོག་ལྷེབ་དེ་དག་ལོ་བཅུ་གྲངས་ཁ་ཤས་ནང་ལུས་ཐོག་ཏུ་ཁྱེར་ནས་གང་དུ་སླེབས་ཀྱང་དེ་གར་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་དགོད་འཚེར་འཚེར་ངང་བཤད།
         “ད་ལྟ་ཡུལ་སྐོར་བ་ཚོའི་ཐོས་རྒྱ་ཡངས་པས་རྟག་ཏུ་ང་ལ་དྲི་བ་མང་པོ་འདོན་གྱི་འདུག གལ་སྲིད་རང་ཉིད་ཀྱིས་མ་ཤེས་པའི་གནད་དོན་འདྲི་སྐབས་ངས་དེ་མ་ཉིད་དུ་ཟིན་བྲིས་བརྒྱབ་ནས་ཕྱིར་ལོག་རྗེས་དཔེ་ཆ་ཀློག་པ་དང་། དཔྱད་གཞིའི་ཡིག་ཆ་འཚོལ་བ། དགེ་འདུན་པ་ཚོར་འདྲི་བ་བཅས་བྱེད་ཀྱི་ཡོད་པས། རང་ཉིད་ལ་ཡར་རྒྱས་ཆེན་པོ་བྱུང་ལ་ཁོང་ཚོས་དྲི་བ་འདོན་པར་ཡང་དགའ་པོ་བྱེད་ཀྱི་ཡོད”ཅེས་པའོ་ཅེས་བཤད།
         ལོ་46ལ་སླེབས་པའི་བོད་རིགས་ཀྱི་ཡུལ་སྐོར་སྣེ་ཤན་པ་དེའི་བོད་རིགས་ཀྱི་མིང་ལ“རྒྱ་མཚོ”ཟེར་བ་དང་ཁོང་མཚོ་སྔོན་སྐུ་འབུམ་རྫོང་ཁོངས་ཀྱི་སྐུ་འབུམ་བྱམས་པ་གླིང་གི་ཉེ་འགྲམ་གྲོང་གསེབ་ཤིག་ཏུ་སྐྱེས། ཆུང་བྱིས་པའི་དུས་སུ་པའོ་ཅེ་ལུག་རྫི་བྱེད་མྱོང་ཡོད་ལ་འཁོར་ཁང་དུ་ལས་ཀ་ཡང་བྱེད་མྱོང་ཡོད། རྗེས་སུ་རང་སྦྱོང་གི་རྐང་ལམ་ཕྲ་མོ་བརྒྱུད། མཚོ་སྔོན་དགེ་འོས་སློབ་ཆེན་རྒྱའི་སྐད་ཡིག་ཆེད་ལས་སུ་ཚུད།
         པའོ་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་ངོ་སྤྲོད་བྱས་པར་གཞིགས་ན། “དཔེར་ན། ཡུལ་སྐོར་བ་ཚོར་སྐད་ཅོར་ཆེན་པོ་མི་རྒྱག་པ་དང་གང་བྱུང་དུ་གད་སྙིགས་དབྱུགས་མི་རུང་བའི་ཁ་ཏ་བསླབ་བྱ་བྱ་ཆེད། རང་ཉིད་ཀྱིས‘སྐུ་འབུམ་བྱམས་པ་གླིང་སྒྱུ་རྩལ་བང་མཛོད་ནང་རྩ་ཆེའི་དངོས་པོ་མང་པོ་ཡོད་པ་དེ་དག་ཚང་མ་ནི་མིའི་རིགས་ཡོངས་ཀྱི་རྩ་ཆེའི་དངོས་པོ་རེད། དེ་དག་ང་ཚོ་ཁོ་ནའི་ལོངས་སྤྱོད་བྱ་ཡུལ་མ་རེད། དེར་བརྟེན་དེའི་རྒྱུད་ཀྱི་ཁོར་ཡུག་ལ་བརྩི་འཇོག་དང་དགའ་གཅེས་བྱས་ནས་སྐུ་འབུམ་བྱམས་པ་གླིང་གི་གཙང་སྦྲར་མུ་མཐུད་དོ་སྣང་ཡོད་པ་ཞུ’ཞེས་ཤོད་ཀྱི་ཡོད”
         པི་ཙི་གཅིག་དང་། ཉི་གདུགས་གཅིག ལྟོ་ཕད་གཅིག དར་ཆ་ཆུང་ཆུང་ཞིག་བཅས་ནི་ཡུལ་སྐོར་སྣེ་ཤན་པའི་ཚད་ལྡན་སྒྲིག་བཀོད་རེད། འོན་ཀྱང་པའོ་ཅེས་ཚོགས་པའི་སྣེ་ཁྲིད་དུས་ཆུ་ཧུབ་ཆེན་པོ་གང་བཏུངས་རྗེས་དར་ཆ་ཁྱེར་ཏེ་ཐོན་གྱི་ཡོད།
         ཡུལ་སྐོར་སྣེ་ཤན་པར་ལས་རིགས་དེར་དགའ་པོ་བྱེད་པའི་སྙིང་སྟོབས་ཤིག་ལྡན་པར་བྱས་ནས་ཡུལ་སྐོར་བ་ཚོར་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱེད་དགོས། སྐབས་འགར་འགྲེལ་བཤད་རྒྱག་སྐབས་རྐང་འཁྲབ་ལག་འཁྲབ་ཀྱིས་སེམས་པ་ཞིག་མཚོན་པར་བྱེད་དགོས་པས་པི་ཙི་དང་ཉི་གདུགས་སོགས་འཁྱེར་ན་རྙོག་དྲ་རང་རེད་འདུག་ཅེས་པའོ་ཅེས་བཤད།
         དབྱར་ཁ་གནམ་གཤིས་བསིལ་བས། མཚོ་སྔོན་དུ་ཡུལ་སྐོར་བ་ཡོང་མཁན་མང་པོ་ཡོད། སྐུ་འབུམ་བྱམས་པ་གླིང་ལ་སྐྱོད་ཐེངས་རེར་ལམ་ཐག་སྤྱི་ལེ་2ཡོད། པའོ་ཅེས་ཆ་སྙོམས་ཉིན་རེར་སྐུ་འབུམ་བྱམས་པ་གླིང་དུ་ཐེངས་3སྐྱོད་ཀྱི་ཡོད་པ་དེའི་སྟེང་ཡུལ་སྐོར་བ་ཉུང་དུས་སུ་ཐེངས་1བསྐྱོད་པ་དེ་བསྣན་ན་ལོ་17རིང་སྐུ་འབུམ་བྱམས་པ་གླིང་བསྐོར་བར་སྤྱི་ལེ་24000ལྷག་ཙམ་བསྐྱོད་ཡོད་པ་རེད།
         ཡུལ་སྐོར་བ་མང་བའི་དུས་སུ་ཡུལ་སྐོར་སྣེ་ཤན་པ་ཚོའི་ལྟོ་ཕད་ནང་མགྲིན་པའི་སྨན་འཁུར་གྱི་ཡོད། འགྲེལ་བཤད་རྒྱག་ཐེངས་རེར་ཆུ་ཚོད་གཉིས་འགོར་གྱི་ཡོད་པ་དང་། བྲེལ་བ་ཆེ་བའི་སྐབས་སུ་ལྟོ་ཆས་ཀྱང་ཟ་ཁོམ་མེད། ཡུལ་སྐོར་སྣེ་ཤན་པ་འགའ་ཤས་མགྲིན་པ་ན་ཡང་ཉིན་མོ་ཚོགས་པ་ཁྲིད་དགོས་པ་དང་དགོང་མོ་སྨན་ཁབ་རྒྱག་དགོས་ཀྱི་ཡོད་ཅེས་ཁོང་གིས་བཤད།
         ཡུལ་སྐོར་སྣེ་ཤན་པ་འགའ་ཤས་ཀྱིས“ཉོ་སྒྲུབ་སྣེ་ཤན་པ”བྱེད་ཀྱི་ཡོད་པས། དེར་མི་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད། པའོ་ཅེས་དེ་དག་གིས་ཡུལ་སྐོར་སྣེ་ཤན་པ་ཚང་མ་མཚོན་གྱི་མེད། ཁོང་གི་ངོས་ནས་བརྗོད་ན། གཅེས་སེམས་དང་བློ་གྲོས་བཏོན་ནས་འགྲེལ་བཤད་རྒྱག་པའི་ཞབས་འདེགས་ཡག་པོ་ཞུས་ནས་ཡུལ་སྐོར་བ་ཚང་མ་ཡོང་ཐེངས་མཐའ་མ་ཡིན་པ་ལྟར་བརྩིས་ནས་ལས་ཀའི་ཁྲོད་མཉམ་དུ་ལོངས་སུ་སྤྱོད་པའི་སྤྲོ་སྣང་མྱོང་ཚོར་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།