འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་14ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་156.55གྲབས་གསོག་དང་། དབུལ་སྐྱོར་ཐོན་ལས་རྣམ་གྲངས་237ལག་ལེན་བསྟར་བ། དུད་ཚང་དབུལ་པོ་151404ལ་ཡིག་ཚགས་དང་གཱ་བཟོ་རོགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་སྟོད་ཀྱི་ལས་ཀར་ཕྱོགས་སྡོམ་དང་ལོ་སྨད་ཀྱི་ལས་ཀར་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ལོ་སྟོད་དུ་བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་ལས་འགན་གལ་ཆེ་ཤོས་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་དཀའ་སྤྱད་འབད་འཐབ་དང་། གསར་འབྱེད་ཡར་བརྩོན། འབད་འབུངས་ཧུར་ལེན་བཅས་བྱས་པས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྒྲིག་གཞི་དང་འཚམ་པ་དང་། མ་དངུལ་གཏོང་ཚད་མང་དུ་ཕྱིན་པ། སྟོབས་ཤུགས་ཆེ་རུ་ཕྱིན་པ། རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་འཕེལ་བ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་འགོ་ཡག་པོ་འཛུགས་ཐུབ་པ་དང་མགྱོགས་མྱུར་སྐུལ་འདེད་ཐུབ་པ་བཅས་བྱུང་ནས་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
         བོད་ཀྱི་དབུལ་སྐྱོར་འགག་སྒྲོལ་ཐད་རྩེ་རིམ་ཇུས་འགོད་མངོན་གསལ་དོད་པོ་བྱུང་ནས་དབུལ་སྐྱོར་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུའི་གཏན་འབེབས་སྐོར་གྱི་ཀྲུང་དབྱང་གི་ལག་བསྟར་བསམ་འཆར་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད། “ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྐྱོར་གསར་སྤེལ་གྱི་སྤྱིའི་ལག་བསྟར་ཇུས་གཞི། ཆེད་དོན་ཚོགས་ཆུང་ཁག་གི་དབུལ་སྐྱོར་འཆར་འགོད་ལག་བསྟར་ཇུས་གཞི་སོགས་ཚད་ལྡན་གྱི་ཡིག་ཆ་17བཟོས་པ་དང་ལྷག་དོན་དུ་《དངུལ་རྩས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》ཞིབ་འཇུག་བྱས་པས། “ལོ་ལྔ་ཚན་བཅུ་གསུམ་པར”ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་དུས་ཚོད་རེའུ་མིག་དང་ལམ་ཐིག་ས་བཀྲ་མཁོ་འདོན་བྱས་པ་རེད།
         ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པར་ཚད་བརྒལ་གསར་པ་བྱུང་ཞིང་། བོད་ཀྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་མི་ཁྲི་26.3རྒྱལ་ཁབ་དབུལ་སྐྱོར་ཆ་འཕྲིན་མ་ལག་ནང་བཅུག་པ་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་མ་དངུལ་སྒོར་དུང་ཕྱུར་156.55གྲབས་གསོག་བྱས་ནས་ཁ་ཐོར་བཀོད་སྒྲིག་བྱེད་ས་796དང་གཅིག་སྡུད་བཀོད་སྒྲིག་བྱེད་ས་179ལས་འགོ་བཙུགས་པ་དང་ད་བར་མ་དངུལ་སྒོར་དུང་ཕྱུར་20དོན་འཁྱོལ་བྱས་པ་རེད།
         ཐོན་ལས་དབུལ་སྐྱོར་བརྟན་པོའི་ངང་ལག་ལེན་བསྟར་ཞིང་། བོད་ཀྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་40བསྡུ་སྒྲིལ་བྱ་རྒྱུ་དེ་ཉིད་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་གཏོང་བའི་མ་དངུལ་དུ་བྱས་ནས་ཐོན་ལས་རྣམ་གྲངས་237ལག་ལེན་བསྟར་བའི་ནང་ནས་རྣམ་གྲངས་34འཛུགས་སྐྲུན་བྱས་ཟིན་ཡོད། འདེབས་གསོའི་ལས་རིགས་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ཐོན་ལས་རྣམ་གྲངས་700ལྷག་ཙམ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
         སློབ་གསོའི་དབུལ་སྐྱོར་དང་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཧུར་ཐག་སྤེལ་ཞིང་། མི་10864ལ་རྩལ་ནུས་གསོ་སྦྱོང་དང་། མི་9881ལས་ཞུགས་གཞན་སྒྱུར་བྱས་པ། གཞི་རིམ་གྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས་280བསྐྲུན་པ་བཅས་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་འབྲིང་རིམ་ལས་རིགས་སློབ་གསོས་ཆེད་མངགས་སློབ་མ་1400བསྡུ་རྒྱུའི་འཆར་གཞི་བཏིང་ནས་སློབ་གསོ་དམངས་ཕན་བྱེད་ཚད་དང་སྲིད་ཇུས་གསར་པ་ལག་ལེན་བསྟར་བའི་འཕེལ་རིམ་ལེགས་སུ་ཕྱིན་པ་རེད།
         དངུལ་རྩའི་དབུལ་སྐྱོར་བྱེད་ཚད་མཐོ་རུ་དང་རྒྱ་ཁྱོན་ཆེ་རུ་བཏང་ཞིང་། ཟླ་དྲུག་པའི་ཟླ་མཇུག་བར་དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་402ཟིན་པའི་ཁྲོད་ནས་ཞིང་དུད་ལ་སྐྱེད་སྦྱར་དངུལ་བུན་སྒོར་དུང་ཕྱུར་118བཏང་བ་དང་། དཀའ་ངལ་ཡོད་པའི་དུད་ཚང་151404ལ་ཡིག་ཚགས་དང་གཱ་བཟོ་རོགས་བྱས་པ། དུད་ཚང་20101དང་མི་64881ལ་དངུལ་བུན་སྒོར་དུང་ཕྱུར་13.45བཏང་ཡོད། ཆེད་ལས་མཉམ་ལས་རྩ་འཛུགས་དང་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར་13.17བཏང་བ་དང་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཐད་དངུལ་བུན་སྒོར་དུང་ཕྱུར་100ཙམ་བཏང་བ་རེད།
         ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཞིང་། འགྲིམ་འགྲུལ་དང་། ཞིང་འབྲོག ཆུ་བེད། སློབ་གསོ། སྡོད་ཁང་འཛུགས་སྐྲུན། ཡུལ་སྐོར། རིག་གནས། རྒྱལ་ཁབ་ས་ཆ་སོགས་ལས་རིགས་སྡེ་ཚན་སྤྱི་འདོམས་བསྡུ་སྒྲིལ་བྱས་པ་དེ་དག་ས་ཁུལ་དབུལ་པོའི་རྨང་གཞིའི་རིགས་ཀྱི་རྣམ་གྲངས་209དང་འབྲེལ་བ་ཡོད། མ་དངུལ་སྒོར་དུང་ཕྱུར་66བཏང་ནས་རྣམ་གྲངས་141ལས་འགོ་བཙུགས་པ་དང་ད་བར་མ་དངུལ་སྒོར་དུང་ཕྱུར་34.4དོན་འཁྱོལ་བྱས་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།