འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་རྒྱུན་འཛིན་དང་བྱ་གཞག་གསར་གཏོད་ཀྱི་ཕུགས་འདུན་གཅིག་ཏུ་སྦྲེལ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ས་མཐོའི་བོད་རིགས་ས་ཁུལ་དུ་མི་རབས་གསར་པའི་གཞོན་ནུ་ཚོས་དེ་བས་ལེགས་པའི་སློབ་གསོ་དང་ལག་རྩལ་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག ཁྱད་དུ་འཕགས་པའི་བསམ་པའི་ངར་ཤུགས་ལ་བརྟེན་ནས་བྱ་གཞག་གསར་གཏོད་ཀྱི་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་ཡོད།
         “80པའི་ནང་སྐྱེས”ཀྱི་བོད་རིགས་གཞོན་ནུ་ཚེས་དཔལ་རྒྱལ་ནི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་ནས་ཡིན་པ་དང་ཆུང་དུས་འབྲོག་ཁྱིམ་དུ་འཚར་མོད། འོན་ཀྱང་ད་ཆ་ཁོང་གི་ལས་ཀ་དེ་ནོར་ལུག་འཚོ་རྒྱུ་དེ་མིན་པར། གཟའ་འཁོར་རེར་རིག་གནས་དང་ཁོར་ཡུག་སྲུང་སྐྱོང་དང་དེ་བཞིན་བྱ་གཞག་གསར་གཏོད་ཀྱི་སྤྱི་ཕན་འཆད་ཁྲིད་ཇུས་འགོད་དང་། གཟའ་འཁོར་རེའི་རེས་གཟའ་སྤེན་པར་དབྱིན་ཇིའི་གཏམ་བཤད་གསོ་སྦྱོང་སློབ་ཚན་ཐེངས་གཅིག་འཆད་ཁྲིད། ཟླ་རེར་བོད་ཡིག་གི་གཏམ་བཤད་གསོ་སྦྱོང་སློབ་ཚན་ཐེངས་གཅིག་འཆད་ཁྲིད་བཅས་བྱེད་ཀྱི་ཡོད་པ་རེད།
    ཁྲེང་ཏུའི་ཐོག་བརྩེགས་ཅན་གྱི་ཁང་མིག་རྒྱ་ཁྱོན་སྨི་ངོས་གྲུ་160ཡོད་པའི་ནང་ཚེས་དཔལ་རྒྱལ་གྱིས་བོད་ཀྱི་རིག་གནས་བརྒྱུད་བསྒྲགས་བྱེད་སའི་ཀོག་ཧྥེ་འཐུང་ས་ཞིག་གཉེར་སྐྱོང་བྱས་ཡོད་ཅིང་། ཀོག་ཧྥེ་འཐུང་ས་དེར་འཛུལ་མ་ཐག་བོད་ཀྱི་འབྲོག་པའི་འཚོ་བའི་ཉམས་འགྱུར་ཚོར་ཐུབ་ཀྱི་འདུག “འདི་འུར་རྡོ་རེད། གཡག་གི་རྩིད་པར་བསླས་པ་ཞིག་རེད། རྒྱུན་དུ་འབྲོག་པས་ཕྱུགས་འཚོ་སྐབས་ཕྱུགས་འདེད་པར་མེད་དུ་མི་རུང་བའི་ལག་ཆ་རེད”ཅེས་བཤད་བྱུང་།
    དེ་སྔ་བོད་རིགས་ཀྱི་བྱ་གཞག་ལས་གཏོད་མཁན་ཚང་མ་ཚོང་པ་ཡིན་པ་དང་ཚོང་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད། དེ་སྔ་ཤིང་ཆ་འཚོང་མཁན་ཁག་གཅིག་ཕྱུག་པོ་ཆགས་པ་དང་ཕྱིས་སུ་དབྱར་རྩྭ་དགུན་འབུ་དང་། བེ་ཤ ནོར་བུའི་རིགས་ཆས་བཅས་འཚོང་གི་ཡོད། ད་ལྟ་ཡང་ལོ་40ནས་ལོ་50བར་སླེབས་པའི་བོད་རིགས་ཚོང་པ་མང་ཆེ་བས་ཚོང་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད། འོན་ཀྱང་ཕྱིས་ཀྱི་འཚོ་བ་དང་ལྷག་པར་དུ་ཉེ་བའི་ལོ་ཤས་ནང་བོད་རིགས་ཀྱི་བྱ་གཞག་གསར་གཏོད་བྱེད་མཁན་ཚོས་ལག་རྩལ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།
          ཁྲེང་ཏུར་TBTབརྡ་ཁྱབ་ཀུང་སི་བཙུགས་མཁན་བོད་རིགས་གཞོན་ནུ་སྐལ་བཟང་ཕུན་ཚོགས་ཀྱིས་ན་ནིང་ངས་བོད་རིགས་ཀྱི་གྲོང་གསེབ་དང་གྲོང་ཁྱེར་གྱི་འཚོ་བ་རྒྱབ་ལྗོངས་སུ་བྱས་པའི་མཉེན་སྒྲིག་གི་པར་ཞིག་བརྒྱབ་པ་དེ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཏོན་པས་སྐད་གྲགས་ཆོད་སོང་ཞེས་བཤད།
         ལྷོ་ནུབ་མི་རིགས་སློབ་ཆེན་ལྷོ་ནུབ་མི་རིགས་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་དབན་གོ་ཡིས་དེ་སྔ་བོད་རིགས་ཀྱི་སློབ་ཆེན་སློབ་མར་བྱ་གཞག་གཏོད་རྒྱུའི་བསམ་བློ་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་མང་ཆེ་བ་སྲིད་གཞུང་ངམ་ཡང་ན་བྱ་གཞག་ཚན་པར“ལྕགས་ཕོར”ཞིག་རགས་ཐབས་བྱས་ནས་གཞུང་ཞབས་པ་དང་། སྨན་པ། དགེ་རྒན་བཅས་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
          བོད་རིགས་སློབ་མ་འབྲུག་གྲགས་ནི་ཁོང་གིས་གསོ་སྐྱོང་བྱེད་མྱོང་བའི་སློབ་མའི་ཁྲོད་ནས་ཁྱད་དུ་འཕགས་པའི་བྱ་གཞག་གསར་གཏོད་མཁན་ཞིག་རེད། ན་ནིང་། འབྲུག་གྲགས་ཀྱིས་སྣེ་ཁྲིད་བྱས་པའི་ཚོགས་པས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་APPཞིག་གསར་དུ་བཟོས་ནས་སློབ་གྲྭའི་ཚབ་བྱས་ཏེ་རྒྱལ་ཡོངས་གཞུང་ཕྱོགས་འགྲན་བསྡུར་ནང་བྱ་དགའ་ཐོབ་པ་མ་ཟད། སྐབས་དེ་དུས་རྒྱལ་ཡོངས་སུ་བྱ་དགའ་འཐོབ་མཁན་གྱི་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཚོགས་པ་ཐོག་མར་གྱུར་པ་རེད། ལག་རྩལ་དེ་ནད་པས་ངོ་མ་དང་གོང་ཚད་ཁེ་བའི་བོད་སྨན་ཉོ་རྒྱུ་དང་སྨན་པ་སྔོན་མངགས་བྱ་རྒྱུར་རོགས་རམ་ཐུབ་ཡོད། འབྲུག་གྲགས་ཀྱི་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་སྨན་རྩིས་ཁང་123དང་བོད་ལུགས་གསོ་རིག་གི་སྨན་པ་1400ལྷག་ཙམ་གྱིས“བོད་ལུགས་གསོ་རིག་སྨན་པ་ཡག་པོ”ཞེས་པའི་ནང་ཞུགས་རྒྱུའི་རེ་ཞུ་བསྐྱལ་ཡོད་པ་རེད།
         རྒྱལ་ནང་གི་ས་ཆ་མང་པོར་ཁ་གསབ་དང་མཁོ་སྤྲོད་གཞི་གཅིག་ཅན་གྱི་བྱ་གཞག་གསར་གཏོད་ཀྱི་ཞབས་ཞུ་ཚུད་པའི་བྱེད་ཐབས་སྣ་མང་སྤྱད་དེ་བྱ་གཞག་གསར་གཏོད་བྱེད་མཁན་ལ་སྐུལ་ལྕག་བྱེད་པ་དེས་བོད་རིགས་གཞོན་ནུའི་བྱ་གཞག་གསར་གཏོད་ཐད་སྔར་འབྱུང་མྱོང་མེད་པའི་གོ་སྐབས་བཟང་པོ་ཐོབ་ཡོད། བོད་ལ་ཆ་མཚོན་ན། སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་ཀྱི་སློབ་གསོའི་སློབ་ཚན་འཁྲིད་དགོས་པ་བཏོན་པ་དང་འབྲེལ་སྤྱི་ཚོགས་རིགས་ཁག་གི་མ་དངུལ་སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་ནང་འཇོག་རྒྱུའི་སྐུལ་ལྕག་ཀྱང་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།