འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཀྲུང་གོའི་ནགས་ཚལ་ཡུལ་སྐོར་དུས་ཆེན་དང་ཁྲང་པའེ་རི་བོའི་རྒྱལ་སྤྱིའི་སྣོད་
    བཅུད་གླེང་སྟེགས་ཟླ་9པར་ཁྲང་པའེ་རི་བོར་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན་གྱི་སྔ་དྲོ། “2016ལོའི་ཀྲུང་གོའི་ནགས་ཚལ་ཡུལ་སྐོར་དུས་ཆེན་དང་ཁྲང་པའེ་རི་བོའི་རྒྱལ་སྤྱིའི་སྣོད་བཅུད་གླེང་སྟེགས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་འཚོགས་པ་རེད།
         རྒྱལ་ཁབ་ནགས་ལས་ཅུས་དང་ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཟླ་9ཚེས་24ནས་ཚེས་26ཉིན་བར་ཅི་ལིན་ཞིང་ཆེན་ཁྲང་པའེ་རི་བོར“2016ལོའི་ཀྲུང་གོ་ནགས་ཚལ་ཡུལ་སྐོར་དུས་ཆེན་དང་ཁྲང་པའེ་རི་བོའི་རྒྱལ་སྤྱིའི་སྣོད་བཅུད་གླེང་སྟེགས”ཐུན་མོང་ཐོག་གཙོ་གཉེར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་གསར་དུ་བཙུགས་པའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། མིང་གསར་པ་བཏགས་པའི་རྒྱལ་ཡོངས་ནགས་ཚལ་ཡུལ་སྐོར་དཔེ་སྟོན་རྫོང་། དཔེ་སྟོན་གྲོང་ཁྱེར་ལ་སྒོ་བྱང་སྤྲོད་རྒྱུ་དང“2016ལོའི‘ཀྲུང་གོའི་ནགས་ཁྲོད་ལཱ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་བུམ་པའི’རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ཡུལ་ལྗོངས་པར་རྒྱག་འགྲན་བསྡུར་ཆེ་མོའི”བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲོད་རྒྱུ་རེད། སྐབས་འདིའི་ནགས་ཚལ་ཡུལ་སྐོར་དུས་ཆེན་ནང་རྣམ་གྲངས་ཆེ་གྲས་ཁག་གཉིས་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི“རྒྱལ་ཡོངས་ནགས་ཚལ་ཡུལ་སྐོར་མཛེས་ལྗོངས་འགྲེམས་སྟོན”དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་། ནགས་ལས་བཟོ་པ་(ནགས་ལས)ཚོགས་པ་5 ཁྲང་པའེ་རི་བོ་དོ་དམ་ཨུ་ལྷན་བཅས་འགྲེམས་སྟོན་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱ་རྒྱུ་དང་། གཅིག་ཤོས་ནི“རྒྱལ་ཡོངས་སྣོད་བཅུད་སྤྲོ་གསེང་ཐོན་རྫས་འགྲེམས་སྟོན”བྱ་རྒྱུ་ཡིན་ཞིང་། ཤིང་ཁང་དང་ཁང་འཁོར་སོགས་ནགས་ཚལ་སྣོད་བཅུད་ཡུལ་སྐོར་སྒྲིག་བཀོད་དང་། སྒྲིག་ཆས། མཁོ་ཆས། ནགས་ཚལ་ཟས་རིགས་སྣ་ཚོགས་སོགས་ཚུད་པའི་སྣོད་བཅུད་སྤྲོ་གསེང་ཐོན་རྫས་ཁག་གཙོ་བོ་འགྲེམས་སྟོན་བྱ་རྒྱུ་རེད།
         སྐབས་འདིའི་ནགས་ཚལ་ཡུལ་སྐོར་དུས་ཆེན་རིང་2016ལོའི་ཁྲང་པའེ་རི་བོའི་རྒྱལ་སྤྱིའི་སྣོད་བཅུད་གླེང་སྟེགས་འཚོག་རྒྱུ་ཡིན་ཞིང་། ཁྲང་པའེ་རི་བོའི་རྒྱལ་སྤྱིའི་སྣོད་བཅུད་གླེང་སྟེགས་ཀྱིས་ཨེ་ཤེ་ཡའི་བྱང་ཤར་རྒྱུད་དུ་གཞི་ཚུགས་པ་དང་འཛམ་བུ་གླིང་ལ་ཁ་ཕྱོགས་རྒྱུ་རེད། འདི་ལོ་སྐབས་གསུམ་པ་ཡིན་པའི་གླེང་སྟེགས་ཀྱི་བྱེད་སྒོ་གཙོ་བོ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་དང་དོ་དམ་དང་། སྟག་གཟིག་སྲུང་སྐྱོབ། འཚོ་གནས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་འཇུག་དང་སྲུང་སྐྱོང་བྱ་རྒྱུ་དང་། གྲངས་གཞི་ཆེ་མོའི་དུས་རབས་ཀྱི་སྣོད་བཅུད་མ་ལག་གི་གནད་སྨིན་སྲུང་སྐྱོང་དང་། སྣོད་བཅུད་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད། སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཡན་ལག་གླེང་སྟེགས་འཚོག་རྒྱུ་དང་འབྲེལ“རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོང་ཁུལ་མནའ་འབྲེལ”གྱི་ཁོངས་མི་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། སྐབས་དེ་དུས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་། རྒྱལ་སྤྱིའི་སྣོད་བཅུད་སྲུང་སྐྱོང་རྩ་འཛུགས། འཛམ་གླིང་ཁྱབ་ཁོངས་ནང་གི་རིགས་ཁག་གི་སྲུང་སྐྱོང་ཁུལ། གྲགས་ཅན་སྣོད་བཅུད་རིག་པའི་གྲངས་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་མི་གྲངས་300ལྷག་ཙམ་ཞུགས་རྒྱུ་རེད།
         ཀྲུང་གོ་ནགས་ཁྲོད་མཱ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་སྐབས་དང་པོ་འདི་ད་རེས་ཀྱི་ནགས་ཚལ་ཡུལ་སྐོར་དུས་ཆེན་ཐོག་བྱ་རྒྱུ་ཡིན་ཞིང་། དེ་ནི་སྐབས་འདིའི་ནགས་ཚལ་ཡུལ་སྐོར་དུས་ཆེན་གྱི་གསར་གཏོད་གལ་ཆེན་ཞིག་རེད་ལ་ནགས་ཚལ་ཡུལ་སྐོར་དང་ལུས་རྩལ་ལུས་སྦྱོང་མཉམ་འདྲེས་འཚོལ་ཞིབ་ཀྱི་ལག་ལེན་གལ་ཆེན་ཞིག་ཀྱང་རེད། ཡོངས་བསྒྲགས་ཚོགས་འདུ་གྲོལ་རྗེས་མིང་ཐོ་འགོད་འགོ་ཚུགས་རྒྱུ་ཡིན་པས། གལ་སྲིད་ཁྱེད་བྱེད་སྒོ་དེར་ཞུགས་འདེད་ཡོད་ཚེ་ཆེད་ལས་དང་ལས་ཞོར་བདམས་ཐོན་པ་ཚང་མ་ཞུགས་ཆོག་པ་དང་བདམས་ཐོན་པ་ཆིག་སྟོང་ལྔ་བརྒྱ་ཡས་མས་གཏན་འཁེལ་བྱ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།