འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་ཕ་ལེ་སི་ཐན་གྱི་གནད་དོན་ཐག་
    གཅོད་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི"དགོངས་ཚུལ་བཞི"ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་སྐོར་གྱི་ཡོངས་བསྒྲགས་ཚོགས་འདུ་ཞིག་འཚོགས་ཤིང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་རེའི་འགན་འཁུར་ཀྲུའུ་ཞི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ལིའུ་ཅེ་དབྱི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དང་དེ་བཞིན་ཕ་ལེ་སི་ཐན་དང་དབྱི་སི་རལ་སོགས་ཚུད་པའི་རྒྱལ་ཁབ་དང་རྩ་འཛུགས་50ལྷག་ཙམ་གྱི་སྐུ་ཚབ་ཚོགས་འདུར་ཕེབས་པ་རེད།
          ལིའུ་ཅེ་དབྱི་ཡིས་ཉེ་དུས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི“དགོངས་ཚུལ་བཞི”ཕྱོགས་ཡོངས་ནས་ངོ་སྤྲོད་ཞུས་པ་དང་སྦྲགས་འབྲེལ་ཡོད་ཕྱོགས་ཁག་ལ་དང་ལེན་ཧུར་ཐག་དང་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཡང་ཞུས་པ་རེད།
          གཅིག “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”རྨང་གཞིར་བྱས་ཏེ་ཆབ་སྲིད་ཐོག་ནས་གནད་དོན་ཐག་གཅོད་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། 1967ལོར་གཏན་འཁེལ་བའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཅེ་རུས་ས་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་དང་རང་བཙན་རྦད་དེ་ཡོད་པ་བཅས་ཀྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་ནང་སྔ་བར་ཕྱི་གསུམ་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།
          གཉིས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2334དོན་འཁྱོལ་ཏན་ཏིག་དང་། བཙན་བཟུང་བྱས་པའི་ས་ཆའི་ཐོག་སྤེལ་བའི་གཏན་སྡོད་ས་ཚིགས་ཀྱི་བྱེད་སྒོ་མཐའ་དག་འཕྲལ་མར་སྤེལ་མཚམས་འཇོག་པ། འཕྲལ་མར་བྱེད་ཐབས་སྤྱད་དེ་མི་སེར་ལ་དམིགས་པའི་གཏུམ་སྤྱོད་འགོག་པ། དེ་བཞིན་གང་མགྱོགས་གྲོས་མོལ་སླར་གསོ་ཡོང་བ་དང་། ཕ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་གང་མགྱོགས་ཡོང་བ་བྱས་ཏེ་ཐུན་མོང་ཡུན་རིང་གི་བདེ་འཇགས་རྩ་བའི་ཆ་ནས་ཡོང་བ་བཅས་ཀྱི་འབོད་སྐུལ་བྱ་རྒྱུ།
          གསུམ། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབད་པ་ལྷོད་མེད་བྱ་རྒྱུའི་མཐུན་སྦྱོར་སྔར་ལས་ལྷག་པ་བྱས་ནས་ཞི་མཐུན་ལ་སྐུལ་འདེད་ཀྱི་མཉམ་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་སྔར་བས་ཡག་པོ་བྱས་ནས་ཐུན་མོང་ཐོག་ཞུགས་པའི་ཞི་མཐུན་ལ་སྐུལ་འདེད་ཀྱི་བྱེད་ཐབས་གང་མགྱོགས་འདོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་གང་ཞིག་ཡིན་རུང་ཚང་མར་ཞུགས་འདོད་ཡོད་ལ་རྒྱབ་སྐྱོར་ཡང་བྱེད་འདོད་ཡོད། ལོ་འདིའི་ནང་ཕ་དབྱིའི་ཞི་བདེའི་མི་སྣའི་ཞིབ་བསྡུར་ཚོགས་འདུ་འཚོགས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་བློ་འབྱེད་ཇུས་འདོན་བྱེད་དགོས།
           བཞི། ཕྱོགས་བསྡུས་རྣམ་པའི་ཐོག་ནས་ཐབས་ཇུས་ལག་བསྟར་གྱིས་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་དགོས། ཆབ་སྲིད་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་འཕེལ་རྒྱས་ཀྱི་གནད་དོན་ལའང་མཐོང་ཆེན་པོ་བྱས་ནས་ཕ་དབྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཕ་དབྱི་གཉིས་ནི“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རོགས་ཟླ་གལ་ཆེན་ཡིན་པའི་ངོས་འཛིན་གྱི་ཡོད། ཕ་དབྱི་ཕྱོགས་གཉིས་པོས་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བའི་བསམ་གཞིར་གཞིགས་ཏེ་གཉིས་ཕན་མཉམ་ལས་བྱ་རྒྱུའི་རེ་བ་ཡོད། ཕ་ལེ་སི་ཐན་གྱིས་འཕེལ་རྒྱས་མགྱོགས་པོ་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཕན་དབྱི་ཕྱོགས་གསུམ་སྐད་ཆ་བྱེད་པའི་ལམ་སྲོལ་སྤྱོད་འགོ་བཙུགས་ནས་ཕ་ལེ་སི་ཐན་ཕྱོགས་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བའི་གྲོས་འགོ་འདོན་རྒྱུ་ཡིན།
           ལིའུ་ཅེ་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“དགོངས་ཚུལ་བཞི”ནི་ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་དུས་བབ་དང་རྒྱལ་སྤྱིའི་ཁོར་ཡུག་ཆེན་པོར་གཞིགས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་ཕྱིར་འབད་བརྩོན་གསར་པ་བྱེད་ཕྱོགས་ཤིག་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་དུས་མཚམས་རྗེས་མར་ཕ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་སྤྱིའི་གཞི་འཛིན་ས་ཞིག་ཀྱང་ཡིན། དེར་འབྲེལ་ཡོད་ཕྱོགས་ཁག་གིས་དང་ལེན་དང་རྒྱབ་སྐྱོར་ཧུར་ཐག་གནང་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཚད་བརྒལ་ཡོང་བ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།