འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མཚོ་སྔོན་དུ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་
    གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན་ནས་24ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མཚོ་སྔོན་དུ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་བ་རེད།
         ཉིན་འདི་དག་རིང་པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་སྐྱེ་རྒུ་དགོན་དང་། དགོན་གསར་དགོན། སྐུ་འབུམ་བྱམས་པ་གླིང་། མཚོ་སྔོན་པོ། ཚྭ་མཚོ་སོགས་སུ་ཕེབས་ནས་གནས་གཟིགས་དང་། སྨོན་ལམ་འཚོགས་པ། བཀའ་ཆོས་གནང་བ། སྐུ་འགྱེད་བསྐྱོན་པ་བཅས་ཆོས་ཕྱོགས་ཀྱི་བྱ་བར་ཞུགས་པ་དང་འབྲེལ་དད་ལྡན་སེར་སྐྱ་མང་ཚོགས་ཚོར་ཕྱག་དབང་གནང་བ་མ་ཟད། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་གཟིགས་སྐོར་རྟོག་ཞིབ་གནང་བ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཁག་གཅིག་དང་བཞུགས་མོལ་ཡང་གནང་བ་རེད།
         གང་དུ་ཕེབས་རིམ་བཞིན་ས་གནས་དེའི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་ཆོས་ལུགས་ཀྱི་གུས་སྲོལ་དང་མི་རིགས་ཀྱི་གོམས་སྲོལ་གཟབ་རྒྱས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་པ་མ་ཟད། པཎ་ཆེན་རིན་པོ་ཆེས་དགེ་འདུན་པ་ཚོའི་སྣེ་ཁྲིད་དེ་སྔོན་འགྲོའི་ཞལ་འདོན་གནང་ནས་འཛམ་གླིང་ཞི་བདེ་དང་། རྒྱལ་ཁབ་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ། ལོ་ཆུ་རྟག་ཏུ་བཟང་བ། འགྲོ་དྲུག་སེམས་ཅན་ཐམས་ཅད་བདེ་བའི་གནས་ལ་འགོད་པ་བཅས་ཀྱི་གསོལ་བ་སྨོན་ལམ་འདེབས་གནང་བ་རེད།
         མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རྟོག་ཞིབ་གནང་སྐབས་པཎ་ཆེན་རིན་པོ་ཆེས་སློབ་མ་ཚོར་སློབ་སྦྱོང་གི་གོ་སྐབས་བཟང་པོར་གཅེས་སྤྲས་བྱས་ནས་ཐོས་བསམ་སྒོམ་གསུམ་ལ་གཞོལ་བ་དང་། ཤེས་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་དང་མི་དམངས་ལ་ཕན་ཐོགས་ཡོད་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཞིག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།
         མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་བཞུགས་མོལ་གནང་སྐབས་པཎ་ཆེན་རིན་པོ་ཆེས་ཁོང་ཚོའི་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། མཚོ་སྔོན་གྱི་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཚོས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་གནང་བ་དང་འབྲེལ་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་ཚོས་རང་དཔེ་གཞན་སྟོན་གྱིས་རྒྱ་ཆེའི་གྲྭ་བཙུན་ཚོར་སློབ་གསོ་ཡག་པོ་གཏོང་བ་དང་མིག་དཔེ་བཟང་པོ་སྟོན་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་ཐུགས་རེ་གནང་བ་རེད།
         མཚོ་སྔོན་དུ་ཞུགས་རིང་པཎ་ཆེན་རིན་པོ་ཆེས་ད་དུང་ཡུལ་ཤུལ་གྲོང་ཁྱེར་དང་། གོར་མོ་གྲོང་ཁྱེར་གྱི་དམག་དཔོན་མུའུ་ཧྲེན་ཀྲུང་གི་དྲན་གསོ་ཁང་། འབྲི་ཆུའི་ཆུ་འགོ་གྲོང་ཚོ་སོགས་སུ་ཕེབས་ནས་རྟོག་ཞིབ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།