འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་ཆེད་མཁས་པ་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཛོམས་ཏེ་བོད་ཁུལ་གྱི་བཟོ་སྐྲུན་ཤུལ་
    བཞག་སྲུང་སྐྱོང་གི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ནང་གི་ཆེད་མཁས་པ་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཛོམས་ཏེ་བོད་ཁུལ་གྱི་བཟོ་སྐྲུན་ཤུལ་
བཞག་སྲུང་སྐྱོང་གི་སྐོར་གླེང་བ།
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་ཁུལ་གྱི་བཟོ་སྐྲུན་ཤུལ་བཞག་སྲུང་སྐྱོང་དང་གསོན་ཤུགས་རྒྱས་པར་བྱེད་པའི་གླེང་སྟེགས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་རྩེ་རྫོང་དུ་སྤེལ་ཞིང་། ཐེངས་འདིའི་གླེང་སྟེགས་ནི་ཡུལ་དངོས་ལ་རྟོག་ཞིབ་དང་། ཆེད་དོན་སྙན་ཞུའི་འཆད་ཁྲིད། ཟླུམ་ཅོག་བགྲོ་གླེང་སོགས་ཀྱི་ནང་དོན་འདུས་ཡོད་པ་རེད།
           རྒྱལ་རྩེའི་ས་བབ་མཐོ་ཚད་ཆ་སྙོམས་སྨི་4050ཡན་ཡིན་ལ། བོད་སྐད་དུ་རྒྱལ་མཁར་རྩེ་ཟེར་ཞིང་། ནང་དོན་ནི་བླ་མེད་ཀྱི་ཕོ་བྲང་ཞེས་པ་དང་། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་གྲོང་ཁྱེར་ཆེ་གྲས་གསུམ་པ་དེ་ཡིན་པ་རེད། ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་གླིང་དང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་བཟོ་སྐྲུན་རིག་གནས་ཤུལ་བཞག་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས། བོད་རང་སྐྱོང་ལྗོངས་རིག་དངོས་ཅུད་སོགས་སྡེ་ཁག་གི་ཆེད་མཁས་པ་20ལྷག་ཙམ་གནས་གཅིག་ཏུ་འཛོམས་ཏེ་བོད་ལྗོངས་ཀྱི་གནའ་བོའི་བཟོ་སྐྲུན་སྲུང་སྐྱོང་དང་གསོན་ཤུགས་རྒྱས་པར་བྱེད་ཐབས་ལྷུག་པོར་བརྗོད་པ་རེད།
           གླེང་སྟེགས་སུ། མཁས་དབང་ཚོས་《དཔལ་འཁོར་ཆོས་སྡེ་སྲུང་སྐྱོང་ཞིབ་འཇུག་》དང་《ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་ཚོ་དང་གྲོང་རྡལ་མིང་གྲགས་ཅན་སྲུང་སྐྱོང་གི་འཆར་འགོད་ཞིབ་འཇུག་》སོགས་ཀྱི་འཆད་ཁྲིད་གལ་ཆེན་ཐེངས་བཅུ་གྲངས་གནང་བ་རེད། རྒྱལ་རྩེའི་ཉེ་འདབས་རྒྱབ་རིའི་གནའ་གྲོང་ལ་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད་པ་དང་། མཛེས་དཔྱོད་རིག་པའི་ཁྱད་ཆོས་དང་བོད་ཁུལ་གྱི་རྣམ་པ་མངོན་པར་རྫོགས་པའི་བཟོ་སྐྲུན་ནི་རི་བོའི་བབ་དང་བསྟུན་ནས་བསྐྲུན་ཡོད་ལ། ད་སྐབས་ཀྱང་མི་སྡོད་མྱོང་བའི་ཚོར་བ་ཡོང་ཐུབ་པ་ཞིག་རེད། སྔོན་གྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྲུང་གོའི་ལས་དོན་ཁྲུའུ་ཡི་རིག་གནས་ཤུལ་བཞག་གི་ཀྲོན་ཡོན་དང་ཧྥུ་ཏཱན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཏུའུ་ཞའོ་ཧྥན་གྱིས"ས་གནས་འདིའི་མཁར་རྫོང་དང་། དགོན་པ། དམངས་ཁྲོད་འཚོ་བའི་རྣམ་པ་ཚང་མ་ཞི་ཞིང་མཐུན་པ་ཞིག་ཡིན་པས། རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཁྲོད་དུ། ས་ཆ་འདིའི་མང་ཚོགས་ལ་དོ་སྣང་བྱས་ཏེ་སུ་ཞིག་འདི་གར་འཚོ་མྱོང་བ་དང་སུ་ཞིག་གིས་འདིའི་འཕོ་འགྱུར་བདེན་དཔང་བྱེད་མྱོང་བར་དོ་སྣང་བྱེད་དགོས"ཞེས་བརྗོད་པ་རེད།
            རྒྱལ་རྩེའི་བཟོ་སྐྲུན་རིག་གནས་ཤུལ་བཞག་ཐོན་ཁུངས་གལ་ཆེན་འདི་སྲུང་སྐྱོང་བྱེད་ཆེད། ཧྲང་ཧའེ་བོད་སྐྱོར་ལས་བྱེད་པ་རྒྱལ་རྩེ་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝང་ཀའོ་ཨན་གྱིས། ཐེངས་རྗེས་མར། རྒྱལ་རྩེ་རྫོང་གིས་རྒྱབ་རིའི་ཉེ་འདབས་ཀྱི་སྲང་ལམ་རྙིང་པའི་ཁུལ་གྱི་བཟོ་སྐྲུན་ཚོགས་པའི་ཐིག་ལེན་རིས་འབྲིའི་རྨང་གཞི་དང་། བརྟན་གཟབ་ཀྱི་དཔྱད་དཔོག  ཇུས་འགོད་བཅས་ཀྱི་རྨང་གཞི་ཐོག་ནས་རྫོང་རིའི་སྔོན་དབྱིབས་སླར་གསོའི་ལས་གཞི་ལེགས་པར་བསྒྲུབས་ནས་རྒྱབ་རིའི་ཉེ་འདབས་ཀྱི་སྲང་ལམ་རྙིང་ཁུལ་དེ་ཀྲུང་གོའི་ལོ་རྒྱུས་རིག་གནས་ཁྲོམ་སྲང་གི་འཆར་འགོད་གི་སྙན་ཞུར་འབུལ་རྒྱུ་ཡིན་པ་མ་ཟད། རྒྱལ་རྩེ་ལྡེབས་རིས་ཀྱི་གྲངས་ཀ་ཅན་གསོག་ཉར་སོགས་ཀྱི་ལས་དོན་འཆར་གཞི་ལྟར་བསྒྲུབས་ནས་རྒྱལ་རྩེའི་ཕུལ་བྱུང་བཟོ་སྐྲུན་རིག་གནས་ཤུལ་བཞག་སྲུང་སྐྱོར་དང་ཞིབ་འཇུག  གསོན་ཤུགས་རྒྱས་པར་བྱེད་པའི་ལས་དོན་བསྒྲུབ་རྒྱུ་ཡིན་ཚུལ་བསྟན་པ་རེད།
    ༄༅།།རྒྱལ་ནང་གི་ཆེད་མཁས་པ་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཛོམས་ཏེ་བོད་ཁུལ་གྱི་བཟོ་སྐྲུན་ཤུལ་
བཞག་སྲུང་སྐྱོང་གི་སྐོར་གླེང་བ།
    ༄༅།།རྒྱལ་ནང་གི་ཆེད་མཁས་པ་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཛོམས་ཏེ་བོད་ཁུལ་གྱི་བཟོ་སྐྲུན་ཤུལ་
བཞག་སྲུང་སྐྱོང་གི་སྐོར་གླེང་བ།
      

    ཕྱོགས་བསྡུས་གསར་འགྱུར།