འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡར་འབྲོག་གཡུ་མཚོའི་འགྲམ་གྱི་སོ་ནམ་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བའི་གླུ་མ་
    ཚེ་རིང་གཡང་འཛོམས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡར་འབྲོག་གཡུ་མཚོའི་འགྲམ་གྱི་སོ་ནམ་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བའི་གླུ་མ་
ཚེ་རིང་གཡང་འཛོམས།
          མི་དམངས་དྲ་བའི་འཕྲིན། ཧྲང་ཧའེ་རོལ་དབྱངས་སློབ་གླིང་ནས་སློབ་མཐར་ཕྱིན་པའི་ཚེ་རིང་གཡང་འཛོམས་ལགས་ནི་བོད་ལྗོངས་སུའང་སྐད་གྲགས་ཅུང་ཙམ་འདུག་ཅེས་བརྗོད་ཆོག་མོད། འོན་ཀྱང་། ཁོ་མོ་ངོ་ཚ་སྨིན་པའམ་ཡང་ན་མོ་རང་གིས་བཤད་པ་བཞིན་བློ་གདེང་ཞན་པའི་རྐྱེན་གྱིས། སྨྱན་སྦྱོར་ཁག་ཏུ་ཁོ་མོ་བཀོད་པའི་གནས་ཚུལ་མང་པོ་མེད་པ་རེད། བོད་ལྗོངས་ཀྱི་དགོང་ཚོགས་ཆེ་ཆུང་གང་ཞིག་ཏུའང་ཁོ་མོའི་གཟུགས་བརྙན་མཐོང་ཐུབ་ན་ཡང་། རྒྱལ་ཡོངས་སུ་སྐད་གྲགས་དེ་འདྲའི་ཆེན་པོ་ཞིག་མེད་པ་རེད།
           ཚེ་རིང་གཡང་འཛོམས་ལགས་རྒྱལ་ཡོངས་སུ་སྐད་གྲགས་ལྡན་པར་གྱུར་པ་ནི་ཁོ་མོ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གཞོན་སྐྱེས་གླུ་པ་གླུ་མའི་འགྲན་བསྡུར་ཆེ་མོར་ཞུགས་པའི་དབང་གིས་ཡིན་ཞིང་། ཁོ་མོས་རང་མི་རིགས་ཀྱི་ཁྱད་ལྡན་སྐད་ངག་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་གཞོན་སྐྱེས་གླུ་པ་གླུ་མའི་འགྲན་བསྡུར་ཆེ་མོ་སྐབས་བཅོ་ལྔ་པའི་མི་རིགས་གླུ་ལེན་གྱི་ཨང་བཞི་པའི་གྲུབ་འབྲས་བླངས་པ་དང་མཉམ་དུ། འགྲན་བསྡུར་ཆེ་མོ་དེའི་གླུ་པ་གླུ་མ་ཆེ་མོ་བཅུ་ཡི་གྲས་སུ་ཚུད་པ་དང་། འགྲན་བསྡུར་གྱི་མང་ཚོགས་ཞིབ་དཔྱད་ཚོགས་པས་ཁོ་མོར"ལྟད་མོ་བ་དུང་ཕྱུར་གྱི་སེམས་ཁོང་གི་གླུ་ཡི་རྒྱལ་མོ"ཞེས་བསྔགས་བརྗོད་ཐོབ་པ་རེད།
           ཚེ་རིང་གཡང་འཛོམས་ནི་ཉིན་མ་གཅིག་ལ་མིང་དུ་གྲགས་པ་ཞིག་མ་ཡིན་པར། ཁོ་མོ་གཞོན་སྐྱེས་གླུ་པ་གླུ་མའི་འགྲན་བསྡུར་ཆེ་མོར་མ་ཞུགས་གོང་། བོད་ལྗོངས་སུ་ལོ་བརྒྱད་ཀྱི་རིང་ལ་འབད་པ་བྱས་ཡོད་པ་མ་ཟད། ལོ་ལྟར་གཞི་རིམ་དུ་བསྐྱོད་པའི་འཁྲབ་སྟོན་བཅུ་ཕྲག་ལྷག་ལ་ཞུགས་པའི་འོས་འགན་ཡོད་པ་དང་། འཁྲབ་སྟོན་མང་ཆེ་བ་ནི་མཐའ་འཁོབ་རི་གྲོང་དང་འབྲོག་སར་བྱེད་དགོས་པ་རེད། ཚེ་རིང་གཡང་འཛོམས་ཀྱིས"ང་ལ་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་ལྟར་གཞི་རིམ་དུ་བསྐྱོད་ནས་འཁྲབ་སྟོན་བྱས་པ་དེ་ལ་རག་ལས་ཡོད་ལ། གཞི་རིམ་དུ་འཁྲབ་སྟོན་བྱེད་པ་དེར་སྔ་དུས་ཀྱི་སྒྲ་ཕབ་གྲ་སྒྲིག་སོགས་མེད་ལ། གློག་འོད་དང་ཆེད་གཏོགས་ཀྱི་གར་སྟེགས་སོགས་ཀྱང་མེད། གཙོ་བོ་ནི་རང་ཉིད་ཀྱི་སྐད་ངག་དངོས་ལ་བརྟེན་དགོས་པས། ང་རང་གི་གར་སྟེགས་ཉམས་མྱོང་ཡང་དེ་ལྟར་སྦྱོང་བརྡར་བྱས་ནས་ཡོང་བ་ཡིན། དེར་བརྟེན། ཚོགས་ར་ཇི་འདྲ་ཞིག་ཆེ་ནའང་ཁོ་མོ་དངངས་སྐྲག་སྐྱེས་མ་མྱོང"ཞེས་བརྗོད་པ་རེད།
           ཚེ་རིང་གཡང་འཛོམས་ཀྱིས"དོན་ངོ་མར་བཤད་ན། གཞོན་སྐྱེས་གླུ་པ་གླུ་མའི་འགྲན་བསྡུར་ཆེ་མོའི་གར་སྟེགས་ཆེན་པོ་འདི་དང་བསྡུར་ན། ང་རང་རྩྭ་ཐང་དང་ཐང་ཡངས་ཀྱི་འཁྲབ་སྟོན་ལ་དགའ་པོ་ཡོད། རོང་འབྲོག་མང་ཚོགས་དང་མཉམ་དུ། ཁོང་ཚོའི་སེམས་གཏིང་ནས་ཐོན་པའི་རྣམ་འགྱུར་དང་། རོལ་མྱོང་དང་རེ་སྒུག་གི་མིག་མདངས། ཡིད་སེམས་ལྷད་མེད་ཀྱི་ཐེབ་མོ་རྡེབ་སྒྲ་དེ་དག་ནི་ཁོ་མོ་བཀྲག་མདངས་འཚེར་བའི་གར་སྟེགས་སུ་ཐོབ་པའི་མེ་ཏོག་གང་ཞིག་ལས་ཀྱང་དགའ་སྤྲོ་འོས་པ་འདུག དེ་བས། ང་རང་གཞི་རིམ་དུ་བསྐྱོད་ནས་འཁྲབ་སྟོན་བྱེད་རྒྱུར་ལྷག་པར་དགའ"ཞེས་བརྗོད་པ་རེད།
           ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གཞོན་སྐྱེས་གླུ་པ་གླུ་མའི་འགྲན་བསྡུར་ཆེ་མོ་ནི་གར་སྟེགས་ཆེན་པོ་ཞིག་རེད། ཆེད་ལས་རིག་རྩལ་ཚོགས་པ་མང་པོ་ཞིག་གིས་ཀྱང་གཞོན་སྐྱེས་གླུ་པ་གླུ་མའི་འགྲན་བསྡུར་ཁྲོད་ནས་འཇོན་མི་བསྡུ་ལེན་བྱེད་བཞིན་འདུག ཁོ་མོར་བྱ་དགའ་ཐོབ་པ་ལས་ཀྱང་གོ་སྐབས་མང་པོ་ཞིག་ཐོབ་མྱོང་ཡོད། ནང་ལོག་གི་ཀུང་སི་མང་པོ་ཞིག་དང་རིག་རྩལ་ཚོགས་པ་མང་པོ་ཞིག་གིས་སྔ་གཞུག་ཏུ་ཁོ་མོ་གདན་འདྲེན་ཞུ་མྱོང་ཡོད། འོན་ཀྱང་། ཚེ་རིང་གཡང་འཛོམས་ཀྱིས་དེ་ཚོ་ཚང་མ་དང་ལེན་བྱས་མེད་པ་རེད།
           2013ལོར། རང་ཉིད་ཀྱི་ཤེས་བྱ་ཡོན་ཏན་ཇེ་ལེགས་སུ་གཏོང་ཆེད། ཚེ་རིང་གཡང་འཛོམས་ཀྱིས་བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་ལ་རྒྱུགས་སྤྲད་དེ་ཞིབ་འཇུག་སློབ་མར་གྱུར་པ་དང་། མི་མང་པོ་ཞིག་གིས་ཁོ་མོར། ཡུལ་གཞན་པར་ཞིབ་འཇུག་སློབ་མར་རྒྱུགས་མི་སྤྲོད་པར་བོད་ལྗོངས་བདམས་དོན་ཅི་ཡིན་ཞེས་དྲི་བ་མང་པོ་བཏོན་པ་རེད། ཁོ་མོའི་ལན་ནི་ཧ་ཅང་གི་སྟབས་བདེ་པོ་ཞིག་རེད་དེ། "འདི་ནི་བོད་ལྗོངས་ཡིན་པས་སོ། ང་རང་གིས་བོད་ཀྱི་རོལ་དབྱངས་ལ་ཞིབ་འཇུག་མང་པོ་ཞིག་བྱེད་འདོད་ཡོད་ལ། བོད་ཀྱི་གླུ་གཞས་ཡག་པོ་ཞིག་ལེན་རྒྱུ་དེ་ཡིན། འདི་གར་ཆེས་རྣལ་མའི་བོད་ཀྱི་རིག་གནས་ཡོད། དེའི་རྐྱེན་གྱིས་ང་རང་བོད་ལྗོངས་དུ་འདུག་རྒྱུ་བདམས་པ་ཡིན། ཡིན་ནའང་། ང་རང་གིས་རོལ་དབྱངས་གཞན་པའི་རིགས་ཟུར་འབུད་མི་བྱེད་ལ། ནུབ་གླིང་གི་རོལ་དབྱངས་ཀྱི་སྐད་ངག་གྱེར་ཐབས་དེ་དག་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཁྲོད་དུ་དཔེ་འཇོག་དང་བཀོལ་སྤྱོད་བྱས་ཆོག་ལ། དུས་མཚུངས་སུ་མི་རིགས་གཞན་གྱི་ཕུལ་བྱུང་རོལ་དབྱངས་ཀྱི་རྒྱུ་ཆའང་བོད་ཀྱི་རོལ་དབྱངས་ཁྲོད་དུ་བསྲེས་ཆོག་པ་རེད"ཅེས་བརྗོད་པ་རེད།
            ཚེ་རིང་གཡང་འཛོམས་ཀྱི་ཐག་གཅོད་དེ་ལ་དགེ་རྒན་ཚེ་བརྟན་སྒྲོལ་མ་ལགས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་། དགེ་རྒན་ཚེ་བརྟན་སྒྲོལ་མ་ལགས་ཀྱིས་ཀྱང་ཁོ་མོ་བོད་ལྗོངས་དུ་འདུག་རེ་གནང་ཡོད་ལ། བོད་ས་གནས་ཀྱི་རོལ་དབྱངས་དེ་བས་མི་མང་པོ་ཞིག་ལ་ཤེས་སུ་འཇུག་པའི་འགན་འཁྲི་འཁུར་རེ་གནང་བཞིན་ཡོད་པ་རེད།
            བོད་ལྗོངས་སློབ་ཆེན་དུ་སློབ་སྦྱོང་བྱེད་པའི་རིང་ལ། ཚེ་རིང་གཡང་འཛོམས་ཀྱིས་སྒར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་རྒྱུན་འཛིན་པ། ལྷ་སའི་སྟོད་གཞས། ལྷ་སའི་སྒྲ་སྙན་དཀྲོལ་ལེན་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་དགེ་རྒན་བཀྲ་ཤིས་ཚེ་རིང་ལགས་ངོ་ཤེས་ཤིང་། "རྒན་ལགས་ཀྱིས་ངའི་སྐད་ངག་གི་ཆ་རྐྱེན་ཧ་ཅང་ཡག་པོ་འདུག་པས། སྒར་དང་སྟོད་གཞས་རྣལ་མ་ལེན་པར་འཚམ་པོ་ཡོད་ལུགས་སོགས་གསུངས་པ་དང་། གཞན་ད་དུང་ཁོང་གིས་མང་པོ་ཞིག་ལ་ང་ཚོས་མཉམ་དུ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་པ་རེད་ཅེས་གསུངས་བྱུང་ཟེར།" ཚེ་རིང་གཡང་འཛོམས་ཀྱིས"དགེ་རྒན་ལགས་དགུང་ལོ་དེ་འདྲ་བགྲེས་ནའང་། ད་དུང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་ལ་འབད་པ་གནང་བཞིན་འདུག  ང་རང་གིས་བསམས་ན། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དངོས་པོ་རྒྱུན་འཛིན་འཕེལ་རྒྱས་གཏོང་རྒྱུ་ནི་བོད་ཀྱི་དུས་རབས་གསར་པའི་གླུ་མ་ཞིག་ལ་མཚོན་ན། ང་རང་ལ་ལས་དོན་འདི་དག་བསྒྲུབ་པའི་འགན་ཁུར་དང་འོས་འགན་ཞིག་ཡོད་པ་རེད། དེར་བརྟེན། སླད་མར། ང་རང་གིས་དགེ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཛུབ་སྟོན་ལྟར། སྒར་དང་ནང་མ། སྟོད་གཞས་ཁོ་ནའི་ཆེད་བསྒྲིགས་ཤིག་ཕབ་བཟོ་ཐུབ་པ་བྱེད་རྒྱུ་ཡིན་ལ། འདིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དྲིལ་སྒྲོག་དང་དར་སྤེལ་བྱས་ཏེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་དག་ཟིན་ཐོ་རུ་འགོད་རྒྱུ་མ་ཟད་ཡུན་དུ་དར་བར་བྱེད་རྒྱུ་ཡིན"ཞེས་བརྗོད་པ་རེད།
    ༄༅།།ཡར་འབྲོག་གཡུ་མཚོའི་འགྲམ་གྱི་སོ་ནམ་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བའི་གླུ་མ་
ཚེ་རིང་གཡང་འཛོམས།
    ༄༅།།ཡར་འབྲོག་གཡུ་མཚོའི་འགྲམ་གྱི་སོ་ནམ་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བའི་གླུ་མ་
ཚེ་རིང་གཡང་འཛོམས།
      

    ཕྱོགས་བསྡུས་གསར་འགྱུར།