མི་དམངས་དྲ་བ།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཀྲུང་དབྱང་ཁེ་ལས་ཀུང་སིའི་ལམ་ལུགས་
ཀྱི་ལམ་ལུགས་སྒྱུར་བཅོས་ལས་ཀའི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཀྲུང་དབྱང་ཁེ་ལས་ཀུང་སིའི་ལམ་ལུགས་ཀྱི་ལམ་ལུགས་སྒྱུར་བཅོས་ལས་ཀའི་ལག་བསྟར་ཇུས་གཞི》(གཤམ་ལ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
         《ཇུས་གཞིའི་》ནང་ཀུང་སིའི་ལམ་ལུགས་ནི་དེང་རབས་ཁེ་ལས་ལམ་ལུགས་ཀྱི་རྩ་འཛུགས་རྣམ་པ་ནུས་ལྡན་ཞིག་ཡིན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་གཞུང་ཁོངས་ཁེ་ལས་ལམ་ལུགས་འཛུགས་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཀྱང་ཡིན། ཀྲུང་དབྱང་ཁེ་ལས་ཀྱིས་ཀུང་སིའི་ལམ་ལུགས་ཀྱི་ལམ་ལུགས་སྒྱུར་བཅོས་ལེགས་གྲུབ་བྱ་རྒྱུར་སྐུལ་འདེད་མྱུར་པོ་བཏང་ནས་བགོས་སྤྲོད་ས་ཆ་ཐག་གཅོད་དང་། ཁྲལ་འབབ་གཟིགས་སྐྱོང་། བཟོ་ཚོང་ཐོ་འགོད་བསྒྱུར་བ་བཅས་དང་དེ་བཞིན་འོས་ཐོབ་དང་འོས་བབ་རྒྱུན་འཛིན་སོགས་ཐད་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས། 2017ལོའི་ལོ་མཇུག་གོང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་བཟོ་ལས་ཁེ་ལས་བཅའ་ཁྲིམས་》གཞིར་བཟུང་ཐོ་འགོད་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ལྟ་འདོམས་བྱེད་པའི་ཀྲུང་དབྱང་ཁེ་ལས་(ཀྲུང་དབྱང་དངུལ་རྩ་དང་རིག་གནས་ཁེ་ལས་ཚུད་མེད་)ཚང་མ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས་》ནང་འཁོད་པའི་ཚད་ཡོད་འགན་འཁྲི་ཀུང་སིའམ་ཡང་ན་མ་རྐང་ཚད་ཡོད་ཀུང་སི་ལམ་ལུགས་སྒྱུར་བཅོས་བྱས་ནས་དོ་སྙོམས་ནུས་ལྡན་ཐུབ་པའི་ཀྲུང་སིའི་ཁྲིམས་མི་བཅོས་སྐྱོང་གྲུབ་ཆ་དང་བབ་བསྟུན་ནུས་ཆེའི་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་ཞིག་གང་མགྱོགས་ཆགས་པ་བྱེད་དགོས་ཞེས་བཏོན་ཡོད།
        《ཇུས་གཞིའི་》ནང་ཀུང་སིའི་ལམ་ལུགས་ཀྱི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་བཀོལ་སྤྱོད་ཚད་དང་ལྡན་པ་དགོས་ཤིང་། གཅིག་ནས་ལམ་ལུགས་སྒྱུར་བཅོས་ཀྱི་ཇུས་གཞི་བཟོས་ནས་ལམ་ལུགས་སྒྱུར་བཅོས་བྱེད་སྟངས་དང་། རྒྱུ་ནོར་བདག་དབང་གི་གྲུབ་ཆ་བཀོད་སྒྲིག བུན་དབང་དང་བུ་ལོན་ཐག་གཅོད། ཀུང་སི་བཅོས་སྐྱོང་དང་བཀོད་སྒྲིག་སོགས་ཁ་གསལ་བཟོ་དགོས། གཉིས་ནས་ཞིབ་མཆན་འགོད་པའི་བརྒྱུད་རིམ་ནན་དུ་གཏོང་དགོས། ཀྲུང་དབྱང་ཁེ་ལས་ཚོགས་པའི་རིམ་ངོས་གཞུང་ཁོངས་ཁེར་འཇོག་མ་རྩའི་ཀུང་སིར་ལམ་ལུགས་སྒྱུར་བཅོས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་འགན་དབང་སྤྲད་པའི་མ་རྩ་འཇོག་མཁན་གྱི་འགན་འཁྲི་ལག་ལེན་བསྟར་མཁན་སྒྲིག་གཞིས་ཆོག་མཆན་སྤྲོད་དགོས་པ་དང་། རྐང་དབང་སྣ་མང་ཅན་གྱི་ཁེ་ལས་ཀྱི་ལམ་ལུགས་སྒྱུར་བཅོས་བྱས་རིགས་མ་རྩ་འཇོག་མཁན་གྱིས་འགན་འཁྲི་འཁུར་བའི་སྒྲིག་གཞིས་གོ་རིམ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གོང་ཞུ་བྱས་ནས་མོས་མཐུན་ཐོབ་རྗེས་ཆོག་མཆན་སྤྲོད་དགོས། ཀྲུང་དབྱང་ཁེ་ལས་ཁོངས་གཏོགས་ཀྱི་ཡན་ལག་ཁེ་ལས་ཀྱི་ལམ་ལུགས་སྒྱུར་བཅོས་བྱེད་པར་གཏན་འབེབས་གཞན་དག་ཡོད་པ་ཕུད། ཁེ་ལས་ནང་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་མཆན་འགོད་པའི་གོ་རིམ་ལག་ལེན་བསྟར་དགོས། གསུམ་ནས་ཐོ་འགོད་མ་རྩ་གཏན་འཁེལ་བྱེད་དགོས། གཞུང་ཁོངས་ཁེར་འཇོག་མ་རྩའི་ཀུང་སིའམ་ཡང་ན་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་མ་རྩ་གཙང་འཇོག་གི་ཡན་ལག་ཀུང་སིར་ལམ་ལུགས་སྒྱུར་བཅོས་བྱས་རིགས་ལོ་འཁོར་གོང་མར་རྩིས་བཤེར་བྱས་པའི་རྒྱུ་ནོར་གཙང་མའི་རིན་ཐང་ཐོ་འགོད་མ་རྩ་གཏན་འཁེལ་གྱི་གཞི་འཛིན་སར་བརྩི་ཆོག རྐང་དབང་སྣ་མང་ཅན་གྱི་ཁེ་ལས་ལ་ལམ་ལུགས་སྒྱུར་བཅོས་བྱས་ཚེ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱུ་དངུལ་ཞིབ་རྩིས་རྒྱག་པ་དང་། ནོར་དོན་རྩིས་བཤེར་བྱེད་པ་། རྒྱུ་དངུལ་ཚོད་སྐོར་བྱེད་པ། ཁྲོམ་རར་ཞུགས་ནས་ཉོ་ཚོང་བྱེད་པ་སོགས་གོ་རིམ་ཁག་བརྒྱུད་དགོས་པ་མ་ཟད་རྒྱུ་ནོར་ཚོད་སྐོར་རིན་ཐང་དེ་མ་དངུལ་འཇོག་རྩིས་ཡོད་པའི་གཞི་འཛིན་སར་བརྩི་དགོས་ཞེས་བཏོན་ཡོད།